དཀར་མཛེས་ཁུལ་འདབ་པ་རྫོང་དུ་རྡོ་ཆས་རྙིང་མའི་དུས་ཀྱི་གནའ་ཤུལ་ཞིག་རྙེད།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན་གྱི་དྲ་བ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡ ཚེས་ ༦

མཚོ་ཆེན་མཚེའུ་གནའ་ཤུལ་ནས་ཐོན་པའི་རྡོ་ཆས།

ཉེ་ཆར། གནའ་རྫས་རྟོག་ཞིབ་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་གི་མཚོ་ཆེན་མཚེའུ་ཡི་ཉེ་འགྲམ་ནས་རྡོ་ཆས་རྙིང་མའི་དུས་སྐབས་ཀྱི་གནའ་ཤུལ་ཞིག་རྙེད་ནས་མིའི་རིགས་ཀྱིས་མཚོ་བོད་མཐོ་སྒང་གི་ཤར་རྒྱུད་དུ་གནས་སྤོ་བྱས་ཤིང་ས་ཕྱོགས་སོ་སོར་མཆེད་པའི་མཚོ་འཕགས་མཐོ་ཤོས་ཡིན་པའི་ཟིན་ཐོ་གསར་པ་བཏོད་པ་རེད།

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་གི་མཚོ་ཆེན་མཚེའུ་གནའ་ཤུལ་ཡོད་སའི་ཁོར་ཡུག །༢༠༢༣ལོའི་ཟླ་༡༠ཚེས་༦ཉིན་པར་བླངས། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ། སི་ཁྲོན་ཞིང་ཆེན་རིག་དངོས་དང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གིས་པར་རིས་མཁོ་འདོན་བྱས།

གསར་དུ་ཤེས་རྟོགས་བྱུང་བའི་མཚོ་ཆེན་མཚེའུ་གནའ་ཤུལ་གྱི་མཚོ་འཕགས་སྨི་༤༣༠༠ལས་བརྒལ་ཡོད་པ་དང་། ལོ་རབས་སྔ་ཤོས་ཡིན་ན་ལོ་ངོ་ཁྲི་༡.༢ཀྱི་སྔོན་ནས་ཡིན་ལ། དེ་ནི་འདབ་པའི་ཕན་རོགས་གནའ་ཤུལ་ཚོགས་པའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་རེད།

ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཆེན་རིག་དངོས་ཅུས་ནས་ཆ་འཕྲིན་དེ་རྒྱུས་ལོན་བྱུང་། པེ་ཅིན་སློབ་ཆེན་དང་སི་ཁྲོན་ཞིང་ཆེན་རིག་དངོས་དང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་སོགས་ཀྱི་ལས་ཁུངས་མཉམ་ལས་བྱས་ནས་གནའ་བོའི་ས་ཁམས་རིག་པ་དང་གནའ་བོའི་ནམ་ཟླ་རིག་པ། གནའ་བོའི་སྐྱེ་ཁམས་རིག་པ་ཞེས་པའི་དུས་དེབ་ཐོག་དཔྱད་རྩོམ་ཞིག་སྤེལ་ནས་ཞིབ་འཇུག་དང་འབྲེལ་བའི་ནང་དོན་ཞིབ་ཚགས་དེ་བས་མང་པོ་ཁྱབ་བསྒྲགས་བྱས་ཡོད།

ཆ་སྙོམས་མཚོ་འཕགས་སྨི་༣༧༥༠ཡིན་པའི་ཕན་རོགས་གནའ་ཤུལ་ཀྱི་ལོ་རབས་སྔ་ཤོས་ཡིན་ན་ད་ལྟའི་བར་དང་ལོ་ངོ་ཉིས་འབུམ་ལྷག་ཙམ་དུ་འདེད་ཆོག་པ་དང་། དེ་ནི་མཚོ་བོད་མཐོ་སྒང་ཐོག་གི་ཤེས་རྟོགས་བྱུང་བའི་ལོ་རབས་སྔ་ཤོས་དང་རྒྱ་ཁྱོན་ཆེ་ཤོས། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤོས་བཅས་ཡིན་པའི་གནའ་ཤུལ་ཞིག་ཡིན་ལ། ༢༠༢༡ལོར་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་སྐོར་གྱི་གསར་རྙེད་ཆེན་པོ་བཅུའི་གྲས་སུ་བདམས་ཐོན་བྱུང་ཡོད།

མཚོ་ཆེན་མཚེའུ་ལ་ས་གནས་དེ་གའི་མི་རྣམས་ཀྱིས་མཚེའུ་ཆེན་པོ་ཞེས་འབོད་ཀྱི་ཡོད། སའི་གོ་ལའི་ལོ་རྒྱུས་སྟེང་གི་ཆེས་མཇུག་མཐའི་འཁྱགས་ཀླུང་དུས་སྐབས་ཀྱི་འཁྱགས་ཀླུང་ཞུ་རྗེས་གནས་དེར་མཚེའུ་མང་པོ་གྲུབ་ཅིང་རྩྭ་ཆུ་འཛོམས་པས། སྲོག་ཆགས་ཀྱི་རིགས་མི་འདྲ་བ་མང་པོ་ཞིག་གནས་འདིར་འཚོ་གནས་བྱེད་པར་བཀུག་ཡོད་པ་མ་ཟད། ད་རུང་གནའ་བོའི་མིའི་རིགས་ཀྱིས་རི་དྭགས་རྔོན་པ་སོགས་ལ་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད།

མཚོ་ཆེན་མཚེའུ་གནའ་ཤུལ་ནི་མཚོ་ཆེན་མཚེའུ་འགྲམ་དུ་གནས་ཡོད། གནའ་རྫས་རྟོག་ཞིབ་པས་མཚོ་ཆེན་མཚེའུ་གནའ་ཤུལ་དུ་རྟོག་ཞིབ་བྱེད་བཞིན་པ། མཚོ་ཆེན་མཚེའུ་རྗེས་ཤུལ་ནས་ཐོན་པའི་རྡོ་ཆས་༡༩༠ལྷག་ཙམ་ནི་གཙོ་བོ་ལེབ་དབྱིབས་ཡོ་བྱད་ཆུང་གྲས་དང་རྡོ་ལེབ་ཆུང་གྲས་སོགས་ཀྱི་རྡོ་ཆས་ཆུང་འབྲིང་ཡིན་པ་དང་། སྤྱི་ཡོངས་ནི་རྡོ་ཆས་ཕྲ་མོའི་ཤུལ་བཞག་སྡེབ་སྒྲིག་རེད། རྡོ་ཆས་དེ་དག་རྡུང་བཟོའི་ལག་རྩལ་བྱང་ཆ་ལྡན་པ་དང་ཁྱད་ཆོས་མངོན་གསལ་དོད་པ། ཁག་ཅིག་ལ་ཞིག་གསོ་ཞིབ་ཚགས་བྱས་རྗེས་རྣོ་ངར་ཡིན་ཏེ། པགས་པ་དང་ཤའི་རིགས་ལས་སླ་མོར་གཅོད་ཐུབ་པས། གནའ་བོའི་མིའི་རིགས་ཀྱིས་མཐོ་སྒང་གི་དམིགས་བསལ་གྱི་འཚོ་གནས་ཁོར་ཡུག་དང་འཕྲོད་པར་བྱེད་ཆེད་འཕེལ་རྒྱས་བྱུང་བའི་ཐུན་མོང་མ་ཡིན་པའི་ལག་རྩལ་མངོན་ཡོད།

འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་གི་མཚོ་ཆེན་མཚེའུ་གནའ་ཤུལ་ནས་ཐོན་པའི་རྡོའི་ལོ་མ་ཕྲ་མོའི་དཔྱད་གཞིའི་འདྲ་པར་རེད། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ། སི་ཁྲོན་ཞིང་ཆེན་རིག་དངོས་དང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གིས་པར་རིས་མཁོ་འདོན་བྱས།

མཚོ་བོད་མཐོ་སྒང་ལ་སའི་གོ་ལའི་སྣེ་གསུམ་པ་ཞེས་པའི་མཚན་སྙན་ཡོད་ཅིང་། དེའི་མཚོ་འཕགས་མཐོ་བ་དང་དབྱང་རླུང་དཀོན་པ། གྲང་ངར་ཆེ་བས་དེ་ནི་མིའི་རིགས་འཚོ་གནས་དང་ཁྱབ་མཆེད་མི་ཐུབ་པའི་གནས་ཞིག་ཡིན་པར་ངོས་འཛིན་བྱས་ཡོད། ཐེངས་འདིར་མཚོ་ཆེན་མཚེའུ་ཡི་གནའ་ཤུལ་ནས་ཤེས་རྟོགས་གསར་པ་བྱུང་བ་ནི། མཚོ་བོད་མཐོ་སྒང་ཤར་རྒྱུད་ཀྱི་རྡོ་ཆས་རྙིང་མའི་གནའ་རྫས་རྟོག་ཞིབ་ཐད་སླར་ཡང་ཐོད་བརྒལ་རང་བཞིན་ལྡན་པའི་འཕེལ་རྒྱས་བྱུང་བ་ཞིག་ཡིན་ལ། དེས་མཚོ་འཕགས་མཐོ་བའི་ས་ཁུལ་དུ་མིའི་རིགས་འཚོ་གནས་བྱེད་པའི་སྐོར་གྱི་བསམ་ཤེས་ཆེས་ཆེར་བཏང་ཡོད།

ལོ་ངོ་ཁྲི་གཅིག་ལྷག་གི་སྔོན་དུ། གནའ་བོའི་མི་ཚོགས་ཀྱིས་ནམ་ཟླ་དྲོ་རུ་འགྱུར་བ་དང་བསྟུན་ནས་མཐོ་སྒང་གི་མཚེའུ་འགྲམ་དུ་འཚོ་གནས་བྱས་ཡོད་པ་དང་། ཁོ་ཚོས་མཚོ་འཕགས་མཐོ་བའི་ས་ཁོངས་འདི་རུ་ཟབ་ཞུགས་བྱས་ཤིང་དུས་ཡུན་རིང་པོར་འཚོ་གནས་བྱས་ཡོད། ཕན་རོགས་གནའ་ཤུལ་གྱི་གནའ་རྗས་རྟོག་ཞིབ་རུ་ཁག་གི་སྣེ་ཁྲིད་མཁན། སི་ཁྲོན་ཞིང་ཆེན་རིག་དངོས་དང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གི་རྡོ་ཆས་རྙིང་མའི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སོའོ་ཡི་འགོ་འཛིན་ཀྲང་ཀྲེ་ཤོན་གྱིས། དེ་ནི་གནས་སྐབས་ཀྱི་སྒར་ས་སྟབས་བདེ་ཞིག་མ་ཡིན་པར། ཡང་ཡང་བེད་སྤྱོད་པའི་འཚོ་སྡོད་བྱ་ཡུལ་ཞིག་ཡིན་ཤས་ཆེ། དེ་ལས་སྐབས་དེ་དུས་མིའི་རིགས་ཀྱིས་མཐོ་སྒང་གི་ཁོར་ཡུག་དང་འཕྲོད་པའི་ནུས་པ་ཅུང་བརྟན་པོ་ཞིག་ཡོད་པ་གསལ་བཤད་བྱས་ཡོད་ཅེས་བཤད་པ་རེད།

ཆེད་མཁས་པས་མཚོ་ཆེན་མཚེའུ་གནའ་ཤུལ་ནི་གནའ་དེང་འབྲེལ་བའི་ལྡེ་མིག་ཞིག་དང་འདྲ་བར། མཚོ་བོད་མཐོ་སྒང་དུ་མིའི་རིགས་འཚོ་གནས་དང་འགུལ་སྐྱོད་བྱེད་པ་ར་སྤྲོད་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེས་དུས་སྔ་མའི་དེང་རབས་མི་ཚོགས་ཀྱིས་ཨེ་ཤེ་ཡ་ཤར་མ་རུ་མཆེད་པ་དང་གནས་སྤོས་ཀྱི་ལམ་ཐིག དེ་བཞིན་ཁོ་ཚོས་སྣོད་བཅུད་ཁོར་ཡུག་མི་འདྲ་བ་དང་འཕྲོད་པའི་ནུས་པ་དང་འཚོ་གནས་བྱེད་པའི་སྐོར་འཚོལ་ཞིབ་བྱེད་པར་ཐོབ་པར་དཀའ་བའི་དངོས་པོའི་རྒྱུ་ཆ་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།

མིག་སྔར། ཕན་རོགས་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་དང་རིག་ཚན་མང་པོའི་མཉམ་ལས་ཞིབ་འཇུག་སྔར་བཞིན་བྱས་དང་བྱེད་བཞིན་ཡོད། ཞིབ་འཇུག་མི་སྣས་ས་འོག་ནས་ཐོན་པའི་ཤུལ་དངོས་ལ་ལོ་རབས་རིག་པ་དང་ཁོར་ཡུག་གནའ་རྫས་རྟོག་ཞིབ་རིག་པ་སོགས་ཕྱོགས་མང་པོ་ནས་དབྱེ་ཞིབ་བྱས་པ་བརྒྱུད། ལོ་ངོ་ཁྲི་འགའི་སྔོན་དུ་གནའ་བོའི་མིའི་རིགས་ཀྱིས་འཛམ་གླིང་ཡང་རྩེ་རུ་འཚོ་གནས་བྱེད་པའི་རྣམ་པ་སྔར་བས་གནད་ལ་འཁེལ་བའི་སྒོ་ནས་སླར་གསོ་བྱུང་རྒྱུའི་རེ་བ་ཡོད།