བྲ་བོ་སྡེ་པས་གཞུང་གཉེར་དཔལ་འབྱོར་གྱི་ཁེ་སྤོགས་བགོས་ནས་ཐུན་མོང་ཕྱུག་འགྱུར་གྱི་དཔེ་རིས་གསར་པ་བཀོད།

ཉེ་ཆར། མཛོད་དགེ་རྫོང་བཞག་སྡོམ་གྲོང་རྡལ་བྲ་བོ་སྡེ་པའི་ཨུ་ལྷན་ཐང་ཆེན་དུ་གཞུང་གཉེར་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བའི་བྱེད་སྒོ་དུས་ལྟར་སྤེལ། སྡེ་མི་རྣམས་ཀྱི་གདོང་ལ་འཛུམ་གྱིས་ཁེངས། རིམ་པ་ལྟར་མིང་རྟགས་བཀོད་ནས་ཁེ་དངོས་བླངས། དེ་ནི་བྲ་བོ་སྡེ་པས་མཐོ་སྒང་གི་སྐྱེ་ཁམས་ལེགས་བབ་ལ་གཞིགས་ནས་སྐྱོང་བའི་གཞུང་གཉེར་དཔལ་འབྱོར་གྱི་གཡུར་ཟའི་གྲུབ་འབྲས་ཡིན་ལ། “སེ་འབྲུ”ལས་གཞི་དང་“དྲ་མིག་དངོས་གཉེར”། མང་ཚོགས་ལས་ཀ་བཅས་ལེགས་པོ་སྤེལ་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན།

རྒྱུས་ལོན་པ་ལྟར་ན། བྲ་བོ་སྡེ་པའི་གཞུང་གཉེར་དཔལ་འབྱོར་གྱི་ད་ལོའི་ཡོང་འབབ་མཐོ་ལ་ཟིན་ཐོ་གསར་པ་བཀོད་ཡོད། ཁེ་དངུལ་ཁྲི་11.6བགོ་ཐུབ། འཕེལ་འབྲས་དེ་སྡེ་མི་ཀུན་གྱི་ལོངས་སྤྱོད་ཐུབ་པར་འགན་ལེན་བྱ་ཆེད། སྡེ་པའི་ཨུ་ལྷན་གཉིས་ཀྱིས“དྲ་མིག་དངོས་གཉེར”བཅོས་སྐྱོང་རྟེན་གཞི་བྱས་ཏེ། དྲ་མིག་ལས་གཉེར་པ་ཁྱིམ་ཚང་དུ་བཅར་འདྲིར་མངགས་ནས་བསམ་འཆར་བསྡུ་ལེན་བྱས། “དྲ་མིག་གྲོས་ཚོགས”བརྒྱུད་ཁེ་སྤོགས་བགོ་བའི་ཇུས་གཞིར་གྲོས་མོལ་བྱས། ཁེ་སྤོགས་བགོ་བའི་བརྒྱུད་རིམ་ཡོངས་བསྒྲགས་ཁ་གསལ་དང་ཁེ་བགོའི་འབྲས་སུ་དྲང་བཞག་ཡོང་བར་འགན་ལེན་བྱས།
བྲ་བོ་སྡེ་པས་ཐོག་མཐའ་བར་གསུམ་དུ“ དགོས་མཁོ་དམངས་ལ་འདྲི་བ་དང་དམངས་ཀྱི་བསམ་འཆར་བསྡུ་བ། ཕན་འབྲས་དམངས་ལ་འདྲི་བ། སྤྱོད་གཙང་དམངས་ཀྱིས་རྟོག་པའི”སེ་འབྲུའི་མང་ཚོགས་ལས་གཞིའི་བླང་བྱ་ལག་ལེན་དུ་བཏབ། དྲ་མིག་ལས་གཉེར་པ་སྲིད་ཇུས་དྲིལ་བསྒྲགས་པ་བྱས་ཏེ་གཞུང་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲིད་ཇུས་དང་ཁེ་བགོའི་ཞིབ་སྲོལ་གསལ་འགྲེལ་བྱས། དམངས་འཚོའི་གནས་ཚུལ་བསྡུ་བའི་འགན་འཁུར་ནས་རྒན་པ་དང་ནད་པ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིའི་དགོས་མཁོ་འཚོལ་བསྡུ་བྱས་ཏེ། ཁེ་སྤོགས་ལེན་པ་བརྒྱུད“ལྗང་མདོག་བགྲོད་ལམ”བཏོད། འགལ་བ་འདུམ་འགྲིག་པའི་འགན་འཁུར་ནས་ཁེ་བགོའི་ཇུས་གཞིའི་སྐོར་གྱི་དོགས་གཞི་ལ་དུས་ཐོག་ཏུ་འགྲེལ་ལན་བཏབ། མང་ཚོགས་ལ“ཟུར་ལྟ་མཁན”ནས“ལས་སྒོར་ཞུགས་མཁན”དང་“ལྟ་སྐུལ་མཁན”བྱེད་དུ་བཅུག “དྲ་མིག་གིས་བརྡ་གཏོང་པ་དང་ལས་བྱེད་པ་ཐོ་འགོད་བྱེད་པ། མང་ཚོགས་དངོས་སུ་ཞུགས་པའི”ལས་རྣམ་དེ་རིགས་ཀྱིས་མང་ཚོགས་ཀྱི་ལས་ཀ་གཞི་རིམ་དུ་དངོས་ནས་དོན་འཁྱོལ་ཐུབ་པར་འགན་ལེན་བྱས།

སྡེ་མི་བཀྲ་ཤིས་རྡོ་རྗེ་ཡིས་བཤད་རྒྱུར། སྔོན་ཆད་འབྲོག་པ་རྣམས་ཀྱིས་རང་སྒེར་ནས་འབད་འབུངས་བྱ་དགོས་པས་ཡོང་འབབ་འཕར་དཀའ། ད་སྐབས་གཞུང་གཉེར་དཔལ་འབྱོར་གྱིས་སྣེ་ཁྲིད་དེ་ཁེ་བཟང་བགོ་རྒྱུ་ཡོད་པར་མ་ཟད། སྒོ་འགྲམ་ནས་ལས་ཞུགས་བྱ་ཐུབ། ང་རང་གཞུང་གཉེར་དཔལ་འབྱོར་ལ་ཡིད་ཆེས་བརྟན་པོ་ཡོད་ཟེར། རྒྱུས་ལོན་པ་ལྟར་ན། ཁེ་བཟང་བགོ་ཐེངས་དེ་གྲོང་སྡེའི་ཁྱིམ་ཚང་ཀུན་ལ་ཁྱབ་པ་དང་། མ་དངུལ་ཁག་གཅིག་བཀོལ་ནས་སྡེ་པའི་རྨང་གཞིའི་སྒྲིག་བཀོད་ལེགས་སྒྱུར་དང་དཀའ་ཁག་ཅན་གྱི་མང་ཚོགས་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པས། ཐུན་མོང་ཕྱུག་འགྱུར་གྱི་དམ་བཅའ་དོན་ཐོག་ཏུ་འཁྱོལ་བར་མ་ཟད། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་བཏིང་ཡོད།
ཁེ་བཟང་བགོ་བའི་མཛད་སྒོ་དེ་ནི་བྲ་བོ་སྡེ་པའི་གཞུང་གཉེར་དཔལ་འབྱོར་གྱི“ཐོབ་འབྲས”ཡིན་པར་མ་ཟད། གཞི་རིམ་བཅོས་སྐྱོང་ཕན་ནུས་ཀྱི“རྡོ་ཀ་ཤུ་ཁ”ཞིག་ཀྱང་ཡིན། བྲ་བོ་སྡེ་པས“སེ་འབྲུ”མང་ཚོགས་ལས་གཞི་ཟབ་སྤེལ་སྒོས“དྲ་མིག་དངོས་གཉེར”བཅོས་སྐྱོང་མ་ལག་ཇེ་ལེགས་སུ་བཏང་། མཐོ་སྒང་གི་ཕྱུགས་ལས་དང་སྐྱེ་ཁམས་ཡུལ་སྐོར་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་ལ་དམིགས་ནས། ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་བསྐྱེད་དེ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ“སེ་འབྲུ”བཞིན་དར་ཞིང་རྒྱས་པ་དང་། མང་ཚོགས་ལས་ཀ་ལེགས་པོ་སྤེལ་ནས་གྲོང་གསེབ་དར་རྒྱས་ཀྱི་ཕན་འབྲས་ལེགས་པོ་འདོན་པར་སྐུལ་འདེད་བཏང་།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽
