མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་བློ་རྒྱ་ཡངས་པོས་འཛམ་གླིང་ལ་ཕྱོགས་དགོས།——ཀྲུའུ་ཞི་ཞི་ཅིན་ཕིང་གི་2026ལོའི་ལོ་གསར་ཤིས་ཚིག་གི་བློ་འབྱེད་ཟིན་ཐོ།
འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
“ང་ཚོས་བློ་རྒྱ་ཡངས་པོས་མུ་མཐུད་འཛམ་གླིང་ལ་ཕྱོགས་ཀྱི་ཡིན” 2026ལོའི་ལོ་གསར་ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གོ་དང་འཛམ་གླིང་དབར་གྱི་མཉམ་འདྲེས་མཉམ་འགུལ་ལ་ཕྱིར་དྲན་གནང་ནས། མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཐག་གཅོད་བྱེད་པར་དམིགས་ཏེ། “ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས། རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ཏེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད”ཅེས་ནན་བཤད་གནང་ཡོད།
ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་། འགྱུར་ལྡོག་དང་ཟང་ཟིང་མཉམ་དུ་གནས་པའི་རྒྱལ་སྤྱིའི་དུས་བབ་དང་ལོ་རྒྱུས་འཕེལ་འགྱུར་གྱི་འགག་སྒོ་གསར་པའི་མདུན་དུ་མིའི་རིགས་འཕེལ་རྒྱས་ཁ་ཕྱོགས་གང་དུ་སྐྱོད་དམ། ལོ་འདིར། ཀྲུང་གོ་ནི་དཔའ་ངར་ཆེ་བ་དང་འགན་འཁྲི་ཁུར་ཕོད་མཁན་ཞིག་ཡིན་པ་འཛམ་གླིང་གིས་བདེན་དཔང་ཐུབ་ཡོད།
པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་ཁབ་ཀྱི་མཛད་སྒོ་གཟབ་རྒྱས་འཚོག་རིང་། དྲང་བདེན་ལ་རྒྱལ་ཁ་ཐོབ་ངེས་པ་དང་། ཞི་བདེར་རྒྱལ་ཁ་ཐོབ་ངེས་པ། མི་དམངས་ལ་རྒྱལ་ཁ་ཐོབ་ངེས་པ་བཅས་ཀྱི་དུས་རབས་ཀྱི་ངར་སྐད་བསྒྲགས་པ་དང་། དཔྱིད་དུས་ཀྱི་ཨེ་ཤེ་ཡ་ཤར་ལྷོར། ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་དབར་གྱི་འབྲེལ་བ་ཇེ་ཟབ་ནས་ཇེ་ཟབ་ཏུ་ཕྱིན་པ། དབྱར་གཞུང་གི་ཨ་སི་ཐ་ན་རུ། “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”ལས་བཀྲག་མདངས་རབ་ཏུ་འཚེར་བ། སྟོན་དུས་ཀྱི་ཨེ་ཤེ་ཡ་བྱང་ཤར་དུ། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དངོས་སྒྲུབ་མཉམ་ལས་ལ་ཁྲིད་སྟོན་བྱས་པ་སོགས།
འཛམ་གླིང་གི་ཞི་བདེ་དང་ཟང་ཟིང་གི་མདུན་དུ། ཀྲུང་གོ་ནི་བརྟན་ལྷིང་གི་གཏིང་རྡོ་ཡིན་པ་དང་། མཐའ་འཁོར་ཁོར་ཡུག་གི་དུས་བབ་གསར་པའི་མདུན་དུ། ཀྲུང་གོ་ནི་རྟེན་ས་གཙོ་བོ་ཡིན་པ། རྒྱལ་སྤྱིའི་སྒྲིག་ལམ་གྱི་དུས་འགྱུར་མདུན་དུ། ཀྲུང་གོ་ནི་ཚད་འཛིན་ས་ཡིན་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དཀའ་ངལ་མདུན་དུ། ཀྲུང་གོ་ནི་སྒུལ་ཤུགས་གཙོ་བོ་ཡིན་པ། རྒྱལ་སྤྱིའི་བདེན་ལུགས་ཀྱི་ཉེན་ཁའི་གནས་ཚུལ་མདུན་དུ། ཀྲུང་གོ་ནི་གྲུ་རྡོ་ལྟ་བུ་ཡིན་པ་དོན་དངོས་ལས་གསལ་པོར་བསྟན་ཡོད།
ཞི་བདེར་སྲུང་སྐྱོང་དང་། མཉམ་ལས་ལ་སྐུལ་འདེད། དུས་འགྱུར་ལ་ཁ་གཏད་གཅོག་པ། བདེན་ལུགས་སྐྱོང་བ་བཅས་ཀྱི་ཐད་ཀྲུང་གོས་མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱས་ཏེ། རང་ངོས་འཕེལ་རྒྱས་གཏོང་བཞིན་དུ་འཛམ་གླིང་ལའང་བདེ་སྐྱིད་སྐྲུན་བཞིན་ཡོད་པས། ཀྲུང་གོ་ནི་ཡོ་ལང་ཆེ་བའི་འཛམ་གླིང་ཁྲོད་ཀྱི་ཞི་བདེའི་སྟོབས་ཤུགས་དང་། བརྟན་ལྷིང་གི་སྟོབས་ཤུགས། ཡར་ཐོན་གྱི་སྟོབས་ཤུགས་བཅས་སུ་གྱུར་ཡོད།
སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱེད་པའི་ཀྲུང་གོས་རང་ངོས་ཀྱི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་སྐྲུན་བཞིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་30%ཡས་མས་སུ་བརྟན་པོར་གནས་ཏེ། “ཀྲུང་གོ་དང་མཉམ་དུ་སྐྱོད་པ་ནི་གོ་སྐབས་དང་མཉམ་དུ་སྐྱོད་པ་ཞིག་དང་། ཀྲུང་གོར་ཡིད་ཆེས་བྱེད་པ་ནི་འབྱུང་འགྱུར་ལ་ཡིད་ཆེས་བྱེད་པ་ཞིག ཀྲུང་གོར་མ་འཇོག་བྱེད་པ་ནི་མ་འོངས་པར་མ་འཇོག་བྱེད་པ་ཞིག”བཅས་ཡིན་པའི་ནང་གནས་ཀྱི་གཏན་ཚིགས་གསལ་སྟོན་གང་ལེགས་བྱས་ཡོད།
“རང་རྟོགས་ངང་འཛམ་གླིང་གི་འཕེལ་རྒྱས་རླབས་རྒྱུན་དང་བསྟུན་ན། རང་རྒྱལ་ཁབ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཐུབ་པ་མ་ཟད། འཛམ་གླིང་གི་འཕེལ་རྒྱས་རླབས་རྒྱུན་ལའང་ཁྲིད་སྟོན་ཐུབ་པ”དོན་དངོས་ལས་ར་འཕྲོད་ཐུབ་ཡོད།
འབྱུང་འགྱུར་ལ་ཕྱོགས་སྐབས། བསྟུན་མཁས་ཀུན་ཕན་དང་གཉིས་ཁེ་གཉིས་ཕན་གྱི་མི་ཡུལ་གྱི་བདེན་པའི་ལམ་དུ་མཐར་ཕྱིན་པ་བསྐྱོད་དེ། ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་བརྟན་པོ་བཏང་ཚེ། བློ་རྒྱ་ཡངས་པོ་དང་སྒོ་མོ་ཡངས་པོར་ཕྱེ་བའི་ཀྲུང་གོ་འདི་ཉིད་སྒོ་དབྱེའི་ཁྲོད་དུ་ལུས་སྟོབས་རྒྱས་པ་དང་རང་ཚུགས་རང་དར་ཐུབ་ནས། འཛམ་གླིང་གི་འཕེལ་རྒྱས་ལ་ལམ་བུ་གསར་འབྱེད་དང་སྒུལ་ཤུགས་སྣོན་ངེས་རེད།
“ག་དུས་ཡིན་རུང་། ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་སྟེ། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ནས། འཛམ་གླིང་དྲང་བདེན་གྱིས་ཕྱུག་པ་དང་འཇིག་རྟེན་བདེ་འཁོད་ཡོང་བར་བྱེད་དགོས”ཞེས་པའི་གསལ་བསྒྲགས་འདིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོཌ་པ་མཉམ་དུ་གཏོད་པའི་གདེང་ཚོད་དང་ཆོད་སེམས་བརྒྱུད་སྤྲོད་བྱས་ཡོད།
2025ལོར་གོ་ལ་ཧྲིལ་པོ་བཅོས་སྐྱོང་དང་འཕེལ་རྒྱས་གཏོང་རིང་གི“ཀྲུང་གོའི་དུས་སྐབས”ལ་འཛམ་གླིང་གིས་བདེན་དཔང་ཐུབ་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་སྒམ་ནན་ངང་བཏོན་གནང་ནས། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྐྲུན་པར་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་ཇུས་གཞི་བཏོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་གནས་བབ་དང་གཙོ་ཁྲིད་ནུས་པ་སླར་གསོ་ཡོང་བར་ཀྲུང་གོའི་སྒུལ་ཤུགས་བསྣན་པ། འགྱུར་ལྡོག་དང་ཟང་ཟིང་མཉམ་གནས་ཀྱི་འཛམ་གླིང་ལ་དྲང་ནུས་དེ་བས་མང་བ་བསྣན་ཡོད། གྲོས་འགོ་གལ་ཆེན་འདི་ཉིད་དེང་སྐབས་འཛམ་གླིང་གི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོར་རྣག་ཐོག་གཙག་འཁེལ་ལྟ་བུ་བྱུང་ནས། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་150ལྷག་ཙམ་གྱིས་འཕྲལ་དུ་དང་ལེན་ཞུས་པ་མ་ཟད་ཁོ་ཚོའི་རྒྱབ་སྐྱོར་ཡང་ཐོབ་ཡོད།
ཀྲུང་གོས་འཛམ་གླིང་ཇི་ལྟ་བུ་ཞིག་སྐྲུན་པར་བརྩོན་ལེན་བྱེད་བཞིན་ཡོད་དམ།
དྲིས་ལན་ནི“གནམ་འོག་སྤྱི་སྙོམས”ཀྱི་བསམ་འདུན་དང“གོ་གཅིག་སེམས་གཅིག”གི་བྱ་སྤྱོད་ཁྲོད་དུ་འཁོད་ཡོད། རེས་སྐོར་གསར་པའི་རྒྱལ་ཁབ་ཀྱིས་རང་བརྟེན་དམིགས་ཚད་རབ་དང་རིམ་པ་སྐྱེས་སུ་འབུལ་བའི་ཁྱབ་བསྒྲགས་བྱས་ནས། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་ཀྲུང་གོའི་སྟོབས་ཤུགས་སྐྱེས་སུ་འབུལ་བ་དང་། རྒྱལ་སྤྱིའི་འདུམ་འགྲིག་ཁང་འཛུགས་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་ལ་ཕྱོགས་འགལ་སེལ་བའི་ལས་སྟེགས་གསར་པ་སྐྲུན་པ། འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་པའི་གྲོས་འགོ་བཏོན་ནས་མི་ཐབས་རིག་ནུས་ཀྱིས་གོ་ལ་ཧྲིལ་པོར་བཅོས་སྐྱོང་བྱེད་པའི་འཕེལ་རིམ་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྒྱལ་ཁབ་ཁག་དང་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་མཉམ་སྤྱོད་ལ་གཞོལ་བ་སོགས་བྱ་རྒྱུ་རེད།
སྐད་ཆ་ཤོད་རེས་སམ་འགྲན་རྒོལ་དང་། གཉིས་ཕན་ནམ་རྒྱལ་ཕམ། སྒོ་དབྱེའམ་བཀག་སྡོམ་བཅས་གང་ཞིག་ཡིན་རུང་། འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་གི་ལན་ནི་ཁ་བཤད་ལག་བསྟར་བྱེད་པ་དེ་རེད། ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་2025ལོའི་ཀྲུང་གོའི་རྒྱལ་སྤྱིའི་གཟུགས་བརྙན་སྐོར་གྱི་གོ་ལ་ཧྲིལ་པོའི་བརྟག་དཔྱད་སྙན་ཞུ་ལས་མངོན་པར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་དགའ་མོས་བྱེད་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ནས། མི་དེ་བས་མང་བས་ཀྲུང་གོའི་འདུ་ཤེས་ཁས་ལེན་པ་དང་ཀྲུང་གོས་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་པ་རེད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། མ་འོངས་ལོ་ལྔའི་རིང་གི་ཀྲུང་གོའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ་མ་ཟད། འཛམ་གླིང་ལའང“གོ་སྐབས་ཀྱི་གསལ་ཐོ”ཞིག་མཁོ་འདོན་བྱས་ཡོད།
