ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ལ་ལན་ཆ་ཡག་པོ་བྱུང་བ།
ལོ་གསར་གྱི་སྔ་ནུབ་ཏུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2026ལོའི་ལོ་གསར་ཤིས་ཚིག་གསུངས་ནས། འདས་ཟིན་པའི་ལོ་གཅིག་དང་དེ་བཞིན་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་ཐོབ་པའི་སྤྱིར་བཏང་མིན་པའི་གྲུབ་འབྲས་ལ་བརྩེ་བ་ཟབ་མོས་ཕྱིར་དྲན་གནང་བ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་བརྩམས་པའི་འབད་འཐབ་འཆར་འགོད་ལ་རྒྱང་བལྟ་གནང་ཞིང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་འགན་འཁུར་བྱ་རྒྱུར་སྐུལ་མ་བཏང་གནང་ཡོད།
ཚང་མས། རྟ་རྒོད་ལྕག་གིས་སྐུལ་བའི་དཔའ་སྟོབས་འཆང་བ་དང་། གྱི་ལིང་རྟ་ཕོས་བང་རྩལ་འགྲན་པ་ལྟར་གྱི་གསོན་ཤུགས་འཕེལ་བར་བྱས་ཐོག རྟ་མཆོག་བཞིན་རྒྱུག་མཚམས་མི་འཇོག་པའི་བརྩོན་སེམས་ཐོག་ནས། མཉམ་དུ་ཕུགས་འདུན་གྱི་ཆེད་དུ་འབད་འཐབ་དང་བདེ་སྐྱིད་ཀྱི་ཆེད་དུ་འབད་འབུངས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བརྗིད་ཆེའི་དམིགས་འབེན་ཕྱོགས་སུ་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པར་ཕྱིར་དྲན་བྱས་ཚེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རང་རྒྱལ་གྱི་དཔལ་འབྱོར་སྤྱི་འབོར་བསྟུད་མར་འགག་སྒོ་གསར་པ་ལས་བརྒལ་བ་དང་། དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་། 2025ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་མཇུག་འགྲིལ་བའི་ལོ་རེད། ལོ་5ཡི་རིང་། ང་ཚོས་དཀའ་སྤྱད་འབད་འབུངས་དང་ཞུམ་མེད་མདུན་སྐྱོད་བྱས་ཐོག དཀའ་ངལ་དང་འགྲན་རྩོད་སྣ་ཚོགས་ཁྱད་དུ་བསད་དེ། དམིགས་འབེན་ལས་འགན་ཁག་ལེགས་པར་བསྒྲུབས་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྒྱང་ལམ་གསར་པའི་ཐོག་གོམ་སྟབས་བརྟན་པོ་སྤོས་ཡོད་ཅེས་བསྟན་གནང་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ནང་། ལོ་5ཡི་བརྒྱུད་རིམ་ནི་ཆེས་སྤྱིར་བཏང་མིན་ཞིང་། དེའི་རིང་གི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན། ཚང་མས་འབད་འབུངས་ཡར་བརྩོན་དང་དཀའ་སྤྱད་ལེགས་སྐྱེས་ཕུལ་ནས། དར་རྒྱས་གོང་དུ་འཕེལ་བའི་ཀྲུང་གོའི་རྣམ་པ་འདི་བཏོད་ཡོད་ཅེས་གསུངས་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་མོལ་གྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་། རྒྱང་ལམ་གསར་པར་འབད་འབུངས་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ཡོད། ཕིང་ལུའུ་མིས་བཟོས་གཙང་པོའི་ལས་གྲྭའི་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཁྲེང་ཡའོ་ཧྥེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་། ཕུགས་འདུན་ཆེན་པོ་སྙེག་སྐབས། ལམ་ཐག་རིང་བ་མི་ཚོར་ཞེས་གསུངས་ཡོད། ང་ཚོས་འཛུགས་སྐྲུན་བྱེད་བཞིན་པའི་ཕིང་ལུའུ་མིས་བཟོས་གཙང་པོ་ནི་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་རྐང་འཛིན་ལས་གྲྭ་ཞིག་ཡིན་ཞིང་། མིག་སྔར་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད། ང་ཚོས་ལྕགས་རིགས་ཀྱི་གྲུབ་ཆ་སྒྲིག་སྦྱོར་བྱེད་མགྱོགས་སུ་བཏང་ནས། ཆུ་མེད་པ་དང་ཆུ་ཡོད་པའི་ཚོད་ལྟ་སྙོམས་སྒྲིག་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། 2026ལོར་བསྐྲུན་ཟིན་ནས་འགྲོ་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་དང་། གཙང་པོ་དང་རྒྱ་མཚོར་སྦྲེལ་ཞིང་རྒྱ་མཚོའི་ཕྱོགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བའི་བརྗིད་ཆེའི་ཕུགས་འདུན་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་པའི་ལུས་རྩལ་འགྲན་ཚོགས་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཤང་ཀང་དང་ཨའོ་མོན་ལས་དོན་མཐུན་སྦྱོར་པུའི་པུའུ་ཀྲང་གཞོན་པ་ལིའུ་ཅུན་ཧྥེང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གླེང་གནང་བ་དེས་ང་ཚོའི་སྤོབས་སེམས་ཆེ་རུ་ཕྱིན་སོང་ལ་སྐུལ་མ་ཡང་ཆེན་པོ་ཐེབས་བྱུང་། ང་ཚོས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་པའི་ལུས་རྩལ་འགྲན་ཚོགས་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལེགས་པར་གཉེར་བ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ། ཤང་ཀང་དང་ཨའོ་མོན་དང་ལག་གདང་སྦྲེལ་ནས་གྲོས་མོལ་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རིམ་པ་མང་བ་དང་། ཆ་ཕྱོགས་ཡོངས། ལངས་གཟུགས་ཅན་བཅས་ཀྱི་མཉམ་ལས་རྣམ་པ་བཏོད་དེ། ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་གྱི་སྤུས་མཐོའི་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རམས་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས། ང་ཚོས་གསར་གཏོད་ལ་བརྟེན་ནས་སྤུས་མཐོའི་འཕེལ་རྒྱས་ལ་ནུས་པ་འདོན་སྤྲོད་བྱེད་ཀྱི་ཡོད། དེང་གི་ཀྲུང་གོ་ནི་གསར་གཏོད་ནུས་པ་འཕར་མགྱོགས་ཤོས་ཀྱི་དཔལ་འབྱོར་དངོས་ཚན་གྱི་གྲས་ཤིག་ཏུ་གྱུར་ཡོད་ཅེས་བསྟན་གནང་ཡོད། ལོ་གསར་པ་ཤར་བའི་མཚམས་འདིར། ཀྲུང་གོའི་ས་གཞི་ཆེན་པོར་གསོན་ཤུགས་རབ་ཏུ་འཕེལ་བ་དང་། གསར་གཏོད་དང་གསར་སྐྲུན་གྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱས་ཡོད་ལ། འཚོ་བ་ཡང་སྔར་བས་སྣ་མང་ཅན་དུ་གྱུར་ཡོད། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཞི་ཧུའུ་ཆུས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་ཏིང་ཆི་ཝུའེ་ཡིས། ལོ་གསར་པར། ང་ཚོས་ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་འགན་འཁུར་གྱི་ཐོག་ནས། མི་ཐབས་རིག་ནུས་དང་། ཚོང་ལས་མཁའ་སྐྱོད། གཟུགས་ལྡན་རིག་ནུས་འཕྲུལ་མི་སོགས་འགག་རྩའི་ཁྱབ་ཁོངས་སུ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། བཟོ་སྐྲུན་ལས་རིགས་བརྗེ་སྒྱུར་རིམ་སྤོར་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་དང་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྔར་ལས་ཆེ་བ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད།
བར་ཐག་སྤྱི་ལེ་400ཙམ་གྱི་བར་སྣང་ཁམས་སུ་གནས་པའི་ལྷ་གྲུ་ཨང་ཉེར་གཅིག་པའི་མཁའ་སྐྱོད་པའི་ཚོ་ཆུང་གིས་ཀྲུང་གོའི་བར་སྣང་ས་ཚིགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ཆ་ཚང་ལ་བལྟས་ཡོད། མཁའ་སྐྱོད་པ་ཀྲང་ལུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་2026ལོའི་ལོ་གསར་གྱི་ཤིས་ཚིག་ནང་། ཚན་རྩལ་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱས་ཤིང་། གསར་གཏོད་ཀྱི་གྲུབ་འབྲས་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོད་ཅེས་གསུངས་ཡོད། དེར་ཉན་རྗེས་སྐུལ་མ་ཆེན་པོ་ཐེབས་བྱུང་ལ། ང་ཚོས་འཇིག་རྟེན་ཁམས་ཡངས་པོར་འཚོལ་ཞིབ་དང་མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ཐོག་མའི་བསམ་འདུན་དང་དད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་སོང་། ང་ཚོས་རང་འགན་ལ་ངོ་གནོང་མི་དགོས་པ་བྱས་ཐོག ཞུམ་མེད་མདུན་སྐྱོད་བྱས་ཏེ། མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་བརྗོད་ཡོད།
2026ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཚུགས་ལོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་ཤིས་ཚིག་ཁྲོད། ང་ཚོས་དམིགས་འབེན་ལས་འགན་གཏན་འཁེལ་དང་། ཆོད་སེམས་བརྟན་གཏོང་དང་བབ་བསྟུན་འཕྲལ་སྒྲུབ་བྱེད་པ། སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད་སྔར་བས་གཏིང་ཟབ་ཏུ་གཏོང་བ། དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མུ་མཐུད་ཀྲུང་གོའི་ངོ་མཚར་གསར་པ་གཏོད་དགོས་ཞེས་བསྟན་གནང་ཡོད་པ་རེད།
རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། རྒྱ་ཆེ་བའི་ཕུགས་བསམ་དང་བསམ་འདུན་རེ་རེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱས་ཏེ། རྒྱང་ལམ་གསར་པའི་ཐོག་ཀྲུང་གོའི་ངོ་མཚར་གསར་པ་ཟམ་མི་ཆད་པར་གཏོད་རྒྱུ་ཡིན་ཞེས་བརྗོད་ཡོད། ཨན་ཧུའེ་ཞིང་ཆེན་ཐུང་ཁྲེང་གྲོང་ཁྱེར་ཝེན་ཁྲང་ཁྲོམ་ལམ་ལེའུ་ཁྲི་སྲང་ལམ་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་ཀྲང་ཡུན་གྱིས། ཤིས་ཚིག་ཁྲོད་གསུངས་གནང་བའི་ “དམངས་ཀྱི་འཚོ་བར་དོན་ཆུང་ཟེར་བ་མེད། ཆུང་ཙག་ཐམས་ཅད་བརྩེ་བ་བཅངས་ནས་སྒྲུབ”ཅེས་པའི་བཀའ་མོལ་དུམ་བུ་དེ་ང་ཚོའི་བློ་ལ་བབ་བྱུང་། ང་ཚོས་ལེའུ་ཁྲི་སྲང་ལམ་གྱི་རིག་གནས་རྨང་གཞི་ཟབ་པོ་དང་སྤྱི་ཚོགས་བཅོས་སྐྱོང་ཐབས་ལམ་གཉིས་ཟུང་འབྲེལ་ལེགས་པོ་བྱས་ཏེ། མང་ཚོགས་ནས་བྲེལ་བ་བྱེད་པ་དང་། དཀའ་ངལ་ཡོད་པ། སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་ཐམས་ཅད་ཐག་གཅོད་ཡག་པོ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
ནང་སོག་རང་སྐྱོང་ལྗོངས་པ་ཡན་ནའོ་ཨར་གྲོང་ཁྱེར་ལིན་ཧོ་ཆུས་གཞུང་གཉེར་ཤིན་ཧྭ་ནགས་རའི་འགོ་འཛིན་ལེའུ་ཤིན་ཡུས་ཀྱིས། ང་ཚོས་ཐོག་མཐའ་བར་གསུམ་དུ་འབྱུང་ཁམས་སྔོན་ལ་འཇོག་པ་དང་། སྦགས་མེད་འཕེལ་རྒྱས་གཏོང་བའི་ལམ་བུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་། བློ་བརྟན་འགྱུར་མེད་ངང་ནགས་ར་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་དཔེ་མཚོན་ནགས་ར་འཛུགས་སྐྱོང་བྱ་རྒྱུའི་དམིགས་འབེན་གཏན་འཁེལ་བཅས་བྱས་ནས། སྔོ་ལྗང་རི་ཆུ་ཟམ་མི་ཆད་པར་གསེར་རི་དངུལ་རིར་འགྱུར་བར་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཧའེ་ནན་ཞིང་ཨུད་བསྒྱུར་བཅོས་ཁྱོན་ཡོངས་ཟབ་སྤེལ་ཨུ་ལྷན་གཞུང་ལས་ཁང་རང་མོས་ཉོ་ཚོང་གྲུ་ཁའི་ལས་དོན་ཨུ་ལྷན་གཞུང་ལས་ཁང་གིས་ཀྲུའུ་རེན་གཞོན་པ་ཝང་ཧྥེང་ལི་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ཁྲོད་རང་མོས་ཉོ་ཚོང་གྲུ་ཁའི་གྲུ་ཁ་ཡོངས་སུ་གློད་སྡོམ་གཉིས་ལྡན་གྱི་སྒོ་ཁྲལ་ལས་གཉེར་བྱས་ཡོད་ཅེས་གསུངས་གནང་བ་དེས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ང་ཚོས་ཐོབ་པར་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་དེ་དམ་འཛིན་ཡག་པོ་བྱེད་པ་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱི་འཁོར་རྒྱུག་གཉིས་ལྡན་གྱི་སྦྲེལ་མཚམས་གལ་ཆེན་གཏོད་པ་བཅས་བྱས་ཏེ། འབད་བརྩོན་ཆེན་པོས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་ཉིད་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་གཏོད་དགོས་ཞེས་བརྗོད་ཡོད།༼ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།༽
