ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་ཚེས་29ཉིན་ནས་ཚེས་30ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ། ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བཅས་བྱས་ཏེ། མིག་སྔའི་ཞིང་གསུམ་ལས་དོན་གྱི་དུས་བབ་དང་འཕྲད་པའི་འགྲན་སློང་ལ་དབྱེ་ཞིབ་དང་སྤྱི་ལོ་2026ལོའི་ཞིང་གསུམ་ལས་དོན་བཀོད་སྒྲིག་བྱས་ཡོད།
ཏང་ཀྲུང་དབྱང་གིས་ཐེངས་འདིའི་གྲོས་ཚོགས་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཚོགས་འདུ་མ་འཚོག་གོང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཐེངས་འདིའི་ཚོགས་འདུ་ཡག་པོ་འཚོག་རྒྱུ་དང་། ཞིང་གསུམ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ཡོད། ཞི་ཅིན་ཕིང་གིས། སྤྱི་ལོ་2026ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་བརྩམས་པའི་ལོ་ཞིག་ཡིན་པས། ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བ་དམིགས་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་། ཞིང་བཟང་དང་སོན་བཟང་། གོ་སྐབས་བཟང་པོ། བྱ་ཐབས་བཟང་པོ་བཅས་གཅིག་སྡུད་ཀྱིས་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་དང་སྤུས་ཚད་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། ཞིང་ལས་སྟོབས་ལྡན་དང་ཞིང་པར་གཟིགས་སྐྱོང་། ཞིང་པ་ཕྱུག་འགྱུར་བཅས་ཀྱི་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་བཏང་ནས་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་ཐོག་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་གཏོང་བ། ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་གཅིག་གྱུར་འཆར་འགོད་ནང་བཅུག་ནས་གཞི་ཁྱོན་ཆེ་བའི་དབུལ་ལོག་དང་། དབུལ་པོར་མི་འགྱུར་བ་བྱེད་པའི་མཐའ་ཐིག་བརྟན་སྲུང་བྱ་དགོས། ལས་གཞི་ཁྲི་སྟོང་གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཡུལ་བབ་བསྟུན་ནས་གནས་སྡོད་དང་ལས་གཉེར་ལ་འཚམ་ཞིང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་། གྲོང་གསེབ་བཅོས་སྐྱོང་དང་ཤེས་དཔལ་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་དང་། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། འབད་འབུངས་ཡར་བརྩོན་དང་དམ་པ་དོན་གཉེར་གྱི་ཐོག་ནས་ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོར་བསྐྲུན་ཏེ། གྲོང་གསེབ་ཏུ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་མཐུན་རྐྱེན་འཛོམས་པ་དང་། ཞིང་པའི་འཚོ་བ་སྔར་བས་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པ་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ།《ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་དམིགས་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་ལ་བསམ་པའི་སྣེ་ཁྲིད་རང་བཞིན་དང་དོན་དངོས་ཀྱི་དམིགས་སའི་རང་བཞིན་ཧ་ཅང་ཆེན་པོ་ལྡན་པ་དང་། ཞིང་གསུམ་ལས་དོན་ལེགས་པར་བསྒྲུབ་རྒྱུར་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད་པས་ངེས་པར་དུ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་ཞིང་ལས་གྲོང་གསེབ་དེང་རབས་ཅན་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གནས་བབ་ཧྲིལ་པོ་དང་སྤུས་ཚད་དབར་འབྲེལ་བ་ཡོད་པས་ངེས་པར་དུ་ཞིང་ལས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། འབྲུ་སྣུམ་ཐོན་སྐྱེད་བརྟན་པོ་ཡོང་བ་དང་། རེས་སྐོར་གསར་པའི་འབྲུ་རིགས་ཐོན་ནུས་རྒྱ་མ་དུང་ཕྱུར་སྟོང་བར་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་འབྲུ་རིགས་ཀྱི་སྣ་ཁ་ལེགས་གསོ་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་དགོས། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནམ་གཤིས་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ཉེན་བརྡ་ཤུགས་ཆེར་བཏང་ནས་ཞིང་ལས་ཀྱི་གནོད་འགོག་གནོད་སེལ་ནུས་པ་ཆེ་རུ་གཏོང་དགོས། སྔོ་ཚལ་དང་ཤ་རིགས་ཀྱི་ཐོན་ལས་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་མཐོར་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ་རྨོ་ཞིང་གི་དམར་ཐིག་ནན་པོ་སྲུང་བ་དང་ཁུལ་དང་རིགས་དབྱེ་ནས་སྤུས་ཚད་མཐོ་པོས་ཚད་གཞི་མཐོ་བའི་རྨོ་ཞིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་དང་ཚན་རྩལ་གྲུབ་འབྲས་ནུས་ཆེའི་བསྒྱུར་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ། ཡུལ་བབ་དང་བསྟུན་ནས་ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་དགོས། དབུལ་ལོག་མི་ཐེབས་པ་དང་དབུལ་པོར་མི་འགྱུར་བ་བྱེད་པའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་གཅིག་གྱུར་འཆར་འགོད་ཀྱིས་འཛུགས་དགོས་པ་དང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། དར་རྒྱས་མེད་པའི་ས་ཁུལ་གྱི་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ཐབས་བརྒྱ་ཇུས་གཏོང་གིས་ཞིང་པའི་ཡོང་འབབ་འཕར་སྣོན་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་འདེབས་མཁན་ཞིང་པའི་ཡོང་འབབ་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཕྱིར་གླ་པ་རྒྱུག་མཁན་གྱི་ཞབས་ཞུའི་འགན་སྲུང་དང་ཕ་ཡུལ་དུ་ལོག་ནས་ལས་ཞུགས་ལས་གཏོད་བྱེད་པར་གཅིག་གྱུར་ཐོག་རྒྱབ་སྐྱོར་ཡག་པོ་བྱས་ཏེ་ཞིང་པ་ལས་མིའི་ལས་གནས་བརྟན་པོ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས།
རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་དང་། ཞིང་པས་ཐོན་ལས་འཕེལ་རྒྱས་ནང་ཞུགས་པའི་ཐབས་ལམ་དང་ཞུགས་ཐབས་རྒྱ་སྐྱེད་གཏོང་བ། ཞིང་འབྲེལ་དང་ཞིང་ཁྲིད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་འཛུགས་སྐྲུན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་གཞུང་ཁོངས་ས་ཆའི་བར་སྟོང་བཀོད་སྒྲིག་ཡག་པོ་བྱེད་པར་གཅིག་གྱུར་འཆར་འགོད་བྱས་ཏེ་གྲོང་གསེབ་ཀྱི་དེང་རབས་འཚོ་བའི་ཆ་རྐྱེན་གྱི་ཞན་ཆ་མགྱོགས་མྱུར་ཁ་གསབ་བྱེད་པ་དང་། གྲོང་གསེབ་ཀྱི་སྤུས་ལེགས་འཚོ་བའི་བར་ཁམས་གཏོད་དགོས། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་མུ་མཐུད་བཅོས་སྒྲིག་དང་ལེགས་སུ་གཏོང་བ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་གྲོང་གསེབ་ཀྱི་གསང་སྤྱོད་གསར་སྒྱུར་དང་གྲོང་ཚོའི་ནང་གད་སྙིགས་གང་བྱུང་དབྱུག་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ཀྱི་སྐབས་བརྗེའི་འདེམས་བསྐོ་ཡག་པོ་བྱས་ཏེ། ཏང་འཛུགས་སྐྱོང་གིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཕན་ནུས་ཆེ་རུ་གཏོང་དགོས། ཤེས་དཔལ་ལྡན་པའི་གྲོང་གསེབ་འཛུགས་སྐྱོང་གི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ་གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་བར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས་འགལ་བ་དང་རྩོད་གཞི་སྣ་ཚོགས་དུས་ཐོག་ཏུ་སེལ་ཏེ། གྲོང་གསེབ་ཀྱི་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་བྱ་དགོས། གྲོང་གསེབ་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་བླངས་པའི་དུས་བཀག་ཐིམས་རྗེས་ཞིང་ཆེན་ཧྲིལ་པོའི་ཚོད་ལྟའི་ས་ཚིགས་ལ་སླར་ཡང་ལོ་སུམ་ཅུ་ནར་འགྱངས་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་ཚད་ལྡན་དང་གོ་རིམ་ལྡན་པ་ཡོང་བ་བྱེད་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་ལམ་སྲོལ་གསར་གཏོད་བྱས་ཏེ། གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག་ཏང་གིས་ཞིང་གསུམ་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་ཏང་སྲིད་ལས་བྱེད་པས་ཞིང་གསུམ་ལས་དོན་ལ་དམ་འཛིན་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་འགན་ཁག་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། རང་རྟོགས་ངང་ཆོས་ཉིད་ལྟར་ལས་དོན་སྒྲུབ་པ། ལས་སྒྲུབ་དང་ལས་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་གང་ལེགས་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་འཕེལ་རིམ་གསར་པ་ཐོན་པ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཝུའུ་ཀྲེང་ལུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད།
ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་དང་འཆར་གཞི་ལོགས་སུ་བཀོད་པའི་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱི་འགན་འཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། འབྲེལ་ཡོད་དངུལ་རྩའི་ལས་ཁུངས་དང་ཁེ་ལས། ཀྲུང་དབྱང་དམག་ཨུད་ཀྱི་འབྲེལ་ཡོད་ཚན་པ་བཅས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།༼ཡིག་སྒྱུར། བསྟན་པ་ཚེ་རིང་།༽
