པཎ་ཆེན་མཆོག་ནས་ད་ལོ་བོད་དུ་བསྐྱངས་པའི་མཛད་འཕྲིན་ལེགས་པར་གྲུབ་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། བསྟན་དབང་།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༣༠

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་རང་སྐྱོང་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་སུ་སློབ་སྦྱོང་གཟིགས་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་པ་ཉེ་ཆར་ཡིད་བཞིན་ལེགས་གྲུབ་བྱུང་ཡོད་པ་རེད།

པཎ་ཆེན་མཆོག་བོད་དུ་བཞུགས་རིང་། ལྷ་སར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱི་མཛད་སྒོར་ཞུགས་གནང་བ་དང་། དེ་རྗེས་ཆབ་མདོ་དང་། ནག་ཆུ། གཞིས་རྩེ་བཅས་སུ་སྔ་རྗེས་སུ་ཕེབས་ནས་གྲོང་གསེབ་དར་རྒྱས་དང་། ས་མཐོའི་མཐུན་མཛེས་གྲོང་གསེབ་འཛུགས་སྐྲུན། བོད་ལུགས་གསོ་རིག་གི་བྱ་གཞག་འཕེལ་རྒྱས་བཅས་ལ་མཁྱེན་རྟོགས་གནང་བ། ད་དུང་དིང་རི་རྫོང་དུ་ཕེབས་ནས་གེགས་རྗེས་བསྐྱར་སྐྲུན་ལས་དོན་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་ཡོད།

པཎ་ཆེན་མཆོག་གིས་གདན་ས་བཀྲ་ཤིས་ལྷུན་པོར་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་བསྩལ་གནང་བ་དང༌། ཁོང་ཁྲི་གསོལ་ཞུས་ནས་ལོ་ངོ་30འཁོར་བའི་དྲན་གསོའི་ཚོགས་ཆེན་དང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་གནང་ཡོད། ཁོང་ཁྲི་གསོལ་ཞུས་ནས་ལོ་ངོ་30སོང་རིང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་བཟང་པོ་མི་ཉམས་རྒྱུན་འཛིན་གནང་བ་དང་། སངས་རྒྱས་ཆོས་ཀྱི་ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་བས། སེར་སྐྱ་མང་ཚོགས་ཀྱི་དད་དམ་གཙང་མའི་དགའ་གུས་ཆེན་པོ་ཐོབ་ཡོད་ལ། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན། བོད་ལྗོངས་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་བཅས་ལ་མཛད་རྗེས་ཧུར་ཐག་འཇོག་གནང་མཛད་ཡོད།

གཞན་ཡང་། པཎ་ཆེན་མཆོག་གིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་རང་སྐྱོང་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལས་དོན་ཚོགས་འདུ་རབ་དང་རིམ་པ་གཙོ་སྐྱོང་གནང་བ་དང་། ལྷ་ལྡན་གཙུག་ལག་ཁང་སོགས་དགོན་སྡེ་ཁག་ལ་གནས་གཟིགས་སུ་ཆིབས་བསྒྱུར་གནང་སྟེ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣ་དང་བཀའ་མོལ་ལྷུག་པོར་གནང་བ་དང་ཆབས་ཅིག པཎ་ཆེན་མཆོག་གིས། རྒྱ་ཆེའི་དགེ་འདུན་པ་རྣམ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐུགས་ལ་བཅངས་ཏེ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་ལམ་གསར་པའི་ནང་ཧུར་བརྩོན་ཆེན་པོས་ཞུགས་པ། བོད་བརྒྱུད་ནང་བསྟན་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་པ་བཅས་ཀྱི་ཆེད་དུ་ནུས་པ་དེ་བས་ཆེ་བ་འདོན་དགོས་པའི་བཀའ་སློབ་ལམ་སྟོན་ཟབ་མོ་བསྩལ་གནང་བ་རེད།༼ཡིག་སྒྱུར། བསྟན་དབང་།༽