2026ལོའི་དཔྱིད་གསར་དགོང་ཚོགས་ཀྱི་ཡན་ལག་ཚོགས་ར་བཞི་འདི་དག་རེད།

སྤྱི་ཟླ་12ཚེས་28ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་《སྤྱི་ལོ་2026ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས》ཀྱི་ཡན་ལག་ཚོགས་ར་གཞུང་ཕྱོགས་ནས་ཁྱབ་བསྒྲགས་བྱས་པ་སྟེ། ཧེ་ལུང་ཅང་གི་ཧའར་པིན་དང་། ཀྲེ་ཅང་གི་དབྱི་ཝུའུ། ཨན་ཧུའེ་ཡི་ཧོ་ཧྥེ།སི་ཁྲོན་གྱི་དབྱི་པིན་བཅས་ཀྱིས་པེ་ཅིང་གི་ཚོགས་ར་གཙོ་བོ་དང་མཉམ་འབྲེལ་གྱིས་“རིག་གནས་ཀྱི་ལོ་གསར་དགྱེས་སྟོན་”གྲ་རྒྱས་ཕུན་སུམ་ཚོགས་པ་ཞིག་གཏོད་རྒྱུ་རེད། ཉིན་དེའི་མཛད་སྒོར་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཁུར་བ་དང་། ཧེ་ལུང་ཅང་དང་ཀྲེ་ཅང་། ཨན་ཧུའེ། སི་ཁྲོན་བཅས་ས་གནས་བཞིའི་ཞིང་ཨུད་ཀྱི་འགོ་ཁྲིད། དེ་བཞིན་ཀྲུང་དབྱང་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་འཁུར་བ་བཅས་ཀྱིས་མཉམ་དུ་ཡན་ལག་ཚོགས་ར་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ཁྱབ་ལས་ཁུངས་རིག་རྩལ་ལེ་ཚན་ལྟེ་གནས་ཀྱི་འགན་འཁུར་བ་ཀྲང་གོ་ཧྥེ་ཡིས། རྟ་ལོའི་དཔྱིད་གསར་དགོང་ཚོགས་ཀྱིས་“མི་དམངས་ཀྱི་དགོང་ཚོགས”ཞེས་པ་ལྟེ་བར་འཛིན་པ་དང་། “སྒོ་མོ་ཕྱེ་ནས་དགོང་ཚོགས་གཉེར་བའི”འདུ་ཤེས་རྒྱུན་འཁྱོངས་ཀྱིས་“མང་ཚོགས་ཀྱི་རིག་རྩལ་གསར་པ”འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་དང་། ཡན་ལག་ཚོགས་ར་ཁག་གིས་གྲོང་ཁྱེར་གྱི་རིག་གནས་སྒེའུ་ཁུང་ལྟ་བུའི་ནུས་པ་བཏོན་ཏེ། “ཚོགས་ར་གཙོ་བོ་དང་ཡན་ལག་གཞི་གཅིག་ཏུ་འབྲེལ་བའི”ཇུས་འགོད་བརྒྱུད། ས་གནས་སོ་སོའི་“རིག་གནས་ཀྱི་མཛེས་པ་དང་འཕེལ་རྒྱས་ཀྱི་དར་སོ”མངོན་པར་བྱེད་པ་དང་། དུས་རབས་གསར་པའི་ཁྲོད་རིག་གནས་དང་སྟོབས་ཤུགས་“རྟ་མཆོག་བང་གིས་རྒྱུག་པ་ལྟར་ཐོགས་མེད་མདུན་སྐྱོད་བྱེད་པའི”ཉམས་འགྱུར་གསར་པ་མངོན་པར་བྱ་དགོས་ཞེས་བརྗོད་པ་རེད།

ཡན་ལག་ཚོགས་ར་ཁག་གི་ཁྱད་ཆོས་ལ་ཆ་མཚོན་ན།
ཧའར་པིན། གངས་འཁྱགས་ཀྱི་མཛེས་ལྗོངས་དང་ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཟུང་དུ་འབྲེལ་ནས། “གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གྱི་འབྲས་བུ་མངོན་པར་བྱེད་པ་དང་།
དབྱི་ཝུའུ། “གཞུང་དྲང་དང་ལ་རྒྱ། བྱམས་སེམས། གུས་ཞབས། དཔའ་མཛངས། ཡིད་ཆེས”ཏེ་“དབྱི་ཝུའུ་ཡི་ཁྱད་ཆོས་དྲུག” གི་རིག་གནས་བླ་སྲོག་ཏུ་བཟུང་ནས། “དར་གོས་ལམ་བུའི་དགའ་གླུ”དབྱངས་སུ་གྱེར་བར་བྱེད་པ།
ཧོ་ཧྥེ། ཚན་རྩལ་གསར་གཏོད་དང་གནའ་བོའི་རོལ་དབྱངས་གཞི་གཅིག་ཏུ་སྦྲེལ་ཏེ། “རི་མོ་ལྟར་མཛེས་པའི་ཨན་ཧུའེ”ཞེས་པའི་ཚན་རྩལ་དང་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་བཤམ་པར་བྱེད་པ།
དབྱི་པིན། འབྲི་ཆུའི་རིག་གནས་དང་ཨ་རག་གི་ལོ་རྒྱུས། ལྗང་མདོག་ཐོན་ལས་བཅས་རྩ་བར་བཟུང་ནས། “སྲོལ་རྒྱུན་དང་དེང་རབས་ཕན་ཚུན་མཉམ་འདྲེས་ཀྱི”གྲོང་ཁྱེར་གྱི་རྣམ་པ་གསར་པ་མངོན་པར་བྱེད་པ་བཅས་བྱ་རྒྱུ་རེད།
མཛད་སྒོའི་ཐོགས་གནས་ཁག་བཞི་ཡིས་གླུ་གར་《གངས་འཁྱགས་ཀྱིས་འཛམ་གླིང་དྲོ་བར་བྱེད།》ཅེས་པ་དང་། ཞབས་བྲོ་《དབྱི་ཝུའུ་བ།》ཞེས་པ། མཉམ་འདྲེས་ལེ་ཚན་《རི་མོ་བཞིན་མཛེས་པའི་ཨན་ཧུའེ།》ཞེས་པ། ཟློས་གར་ཞབས་བྲོ་《དྭངས་གཙང་གི་ཆུ་ཀླུང་གཅིག》ཅེས་པ་བཅས་འཁྲབ་སྟོན་བྱས་ཏེ་ས་ཁོངས་སོ་སོའི་ཐུན་མོང་མ་ཡིན་པའི་མཛེས་སྡུག་མངོན་པར་བྱས་པ་རེད།
ད་ཐེངས་ཀྱི་ཡན་ལག་ཚོགས་ར་དེ་དག་རྒྱལ་ཡོངས་ཀྱི་འབོད་སྐུལ་དང་ལེན་ཞུས་ཤིང་ཆོག་མཆན་ཐོབ་པ་བརྒྱུད་གཏན་འཁེལ་བྱས་པ་ཞིག་ཡིན་ལ། དེས་ས་གནས་ཁག་གི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱིས་གོ་ལ་ཧྲིལ་པོའི་ཀྲུང་གོ་བ་ཡོངས་ལ་“རིག་གནས་ཀྱི་དྲི་བསུང་འཐུལ་བ་དང་། ཚན་རྩལ་གྱི་ཉམས་འགྱུར་ལྡན་པ། རྒྱལ་སྤྱིའི་ཁྱད་ཆོས་འཛོམས་པ”བཅས་ཀྱི་དཔྱིད་གསར་དགྱེས་སྟོན་གཟབ་རྒྱས་ཤིག་འབུལ་རྒྱུ་ཡིན་པ་རེད།༼ཡིག་སྒྱུར། བསྟན་དབང་།༽
