གསོ་རིག་ཞལ་ཐང་ཆེན་མོ་འདིས་འཛམ་གླིང་གི་ཟིན་ཐོ་བཏོད་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
གསར་འགོད་པ། བདེ་གཡང་། བཀྲ་རྡོར།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༢༩

སྤྱི་ཟླ་12ཚེས་28ཉིན། དུས་ཡུན་ལོ་བཅུའི་རིང་ཞིབ་ཚགས་ངང་འབྲི་བཞེངས་བྱས་པའི་ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོའི་འགྲེམ་སྟོན་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་པ་དང་། འདི་ནི་རིང་ཚད་ལ་སྨི་1200ཟིན་པའི་ཞལ་ཐང་ཆེན་མོ་དེའི་ནང་དོན་ཆ་ཚང་ཡོངས་བསྒྲགས་སུ་འགྲེམ་ཐེངས་ཐོག་མ་ཡིན་ཞིང་། བོད་ལུགས་གསོ་རིག་དང་ཐང་གའི་སྒྱུ་རྩལ་བཅས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཆེན་མོ་འདི་གཉིས་མཉམ་འདྲེས་གཏིང་ཟབ་དང་གཅིག་རྒྱན་གཅིག་གིས་བྱེད་པའི་གསོན་ཉམས་དོད་པའི་མཛེས་རིས་ཤིག་ཀྱང་ཡིན། ཡུལ་དངོས་སུ་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་དབང་དང་ཐང་གའི་ལྷ་རིས་སྒྱུ་རྩལ་པ། དེ་བཞིན་ལས་རིགས་ཁག་གི་རིག་གནས་པ་སོགས་མཉམ་དུ་འཛོམས་ནས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་བྱེད་པའི་དུས་རབས་ཀྱི་རིན་ཐང་ལ་ཐུན་མོང་ཐོག་དཔྱད་བསྡུར་གནང་ཡོད།

ད་ཐེངས་ཀྱི་བྱེད་སྒོ་འདི་ནི་སི་ཁྲོན་ཞིང་ཆེན་མི་རིགས་འཕྲོད་བདེ་ཡར་སྐུལ་ཚོགས་པ་དང་ཀན་ལྷོ་ཁུལ་རིན་ཆེན་གཏེར་མཛོད་ཚོང་གཉེར་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། ཀླུ་ཆུ་རྫོང་ཀླུ་དབང་གཙུག་རྒྱན་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགན་འཁྲི་ཚད་ཡོད་ཀུང་སི་དང་སི་ཁྲོན་ཞིང་ཆེན་ཐང་གའི་ཡིག་གཟུགས་སྒྱུ་རྩལ་ཡར་སྐུལ་ཚོགས་པས་ཐུན་མོང་ཐོག་གཉེར་འགན་འཁུར་བ་ཞིག་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གསོ་རིག་ཞལ་ཐང་ཆེན་མོ་འདི་འབྲི་བཞེངས་བྱས་པར་དུས་ཡུན་ལོ་བཅུ་ཙམ་འགོར་བ་དང་། བརྒྱུད་རིམ་ཧྲིལ་པོར་ཀན་ལྷོ་ཁུལ་རིན་ཆེན་གཏེར་མཛོད་ཚོང་གཉེར་ཚད་ཡོད་ཀུང་སིས་གྲོན་དངུལ་སྒོར་བྱེ་བ་དྲུག་ཙམ་བཏང་སྟེ་2014ལོ་ནས་རྒྱ་བོད་ཧོར་སོག་སོགས་མི་རིགས་ཁག་གི་ལྷ་རིས་པ་བརྒྱ་ལྷག་ཙམ་མཉམ་དུ་བསྡུས་ནས་འབྲི་བཞེངས་བྱེད་འགོ་བརྩམས་པ་དང་། ས་གནས་ཁག་གི་གསོ་བ་རིག་པའི་མཁས་དབང་གདན་འདྲེན་ཞུས་ནས་མཛུབ་ཁྲིད་ཡང་ཡང་བྱས་མཐར་གྲུབ་པ་ཞིག་རེད།

ད་ཐེངས་འགྲེམ་སྟོན་བྱས་པའི་ཞལ་ཐང་ཆེན་མོ་དེ་བོད་ལུགས་གསོ་རིག་གི་མཐོང་ཚོར་ཤེས་བྱ་ཀུན་བཏུས་ཞེས་བརྗོད་འོས་པ་ཞིག་ཡིན་ཏེ། ཞལ་ཐང་དེའི་རིང་ཚད་ལ་སྨི་1200དང་མཐོ་ཚད་སྨི་1.3ཟིན་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་1560ཟིན་པ་དང་། ཁྱོན་ལེའུ་120ཡོད། ནང་དོན་གྱི་ཐད་ནས་གཙོ་བོར་གསོ་རིག་རྒྱུད་བཞི་གཞིར་བཞག་བྱས་ཏེ་སྨན་ཐང་དང་རྒྱུད་བཞིའི་ཡིག་གཟུགས་སྒྱུ་རྩལ་གྱི་ཞལ་ཐང་ཞེས་གྲུབ་ཆ་ཆེན་པོ་གཉིས་སུ་དབྱེ་བ་མ་ཟད། བོད་ལུགས་གསོ་རིག་གི་འབྱུང་ཁུངས་དང་ཕྱི་ཕྱོགས་སྤེལ་རེས་ཀྱི་ལོ་རྒྱུས། གནམ་རིག་སྐར་རྩིས། གནའ་གཞུང་ཚད་ལྡན་ཡིག་ཆ་སོགས་དུམ་ཚན་ཆེན་པོ་བཞིར་ཁྱབ་ཡོད།

སྒྱུ་རྩལ་གྱི་མཚོན་ཚུལ་ཐད་ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོ་འདི་ཡིས་ཐང་གའི་སྲོལ་རྒྱུན་གྱི་འབྲི་རྩལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ། གསེར་དང་མུ་ཏིག བྱུ་རུ། གཡུ་སོགས་རྩ་ཆེའི་རིན་ཆེན་རྡོ་གཏེར་དང་། ཁ་ཆེ་མེ་ཏོག ཆུ་མ་རྩི་སོགས་རང་བྱུང་གི་ཚོན་རྩི་སྣ་ཚོགས་འདེམས་སྤྱོད་བྱས་ཡོད།

རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བོད་ལུགས་གསོ་རིག་གི་འཛིན་སྐྱོང་སྤེལ་གསུམ་དང་། ཐང་གའི་སྒྱུ་རྩལ་གྱི་དེང་རབས་རིན་ཐང་། མི་རིགས་རིག་གནས་དང་ཡུལ་སྐོར་རིག་གནས་ཀྱི་མཉམ་འདྲེས། དེ་བཞིན་མི་རིགས་ཁག་གི་རིག་གནས་སྤེལ་རེས། འཛམ་གླིང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཆེན་པོ་གཉིས་ཀྱི་སྲུང་སྐྱོང་སོགས་ཀྱི་བརྗོད་གཞིར་དམིགས་ཏེ་དཔྱད་བསྡུར་གཏིང་ཟབ་དང་བགྲོ་གླེང་ལྷུག་པོར་གནང་ཡོད། ཚང་མས་ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོ་བཞེངས་སྐྲུན་བྱས་པ་དེ་ནི་ཀན་ལྷོ་ས་ཁུལ་གྱིས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལག་ལེན་ཧུར་ཐག་བསྟར་བ་དང་། མཚོ་བོད་ས་མཐོའི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དེ་བས་ཀྱང་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་ཡོད།

བྱེད་སྒོ་གཙོ་གཉེར་ཕྱོགས་ཀྱིས། ཁྲེང་ཏུའུ་རུ་ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོའི་འགྲེམ་སྟོན་བྱས་པ་དེ་ནི་རྣམ་གྲངས་འདི་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ལ་ཁ་ཕྱོགས་པའི་འགོ་འཛུགས་ས་གལ་ཆེན་ཞིག་ཡིན། འབྱུང་འགྱུར་ཞལ་ཐང་ཆེན་མོ་འདིས་མུ་མཐུད་རིག་གནས་དར་རྒྱས་དང་ཡུལ་སྐོར་གིང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་རྒྱལ་ཁབ་ཀྱི་བཀོད་སྒྲིག་དོན་འཁྱོལ་གང་ལེགས་བྱས་ཏེ། བོད་ལུགས་གསོ་རིག་དེ་ཐང་གའི་སྒྱུ་རྩལ་གྱི་ཐུན་མིན་མཚོན་ཚུལ་ཞིག་ལ་བརྟེན་ནས་དེ་བས་རྒྱ་ཁྱབ་ངང་གོ་ལ་ཧྲིལ་པོར་བསྐྱོད་དེ། འཛམ་གླིང་ལ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཁྱད་དུ་འཕགས་པའི་རིག་གནས་བློ་གྲོས་གསོན་ཉམས་ལྡན་པའི་ངང་ངོམ་རྒྱུ་ཡིན་ཞེས་བརྗོད་ཡོད།