ཛམ་ལྷའི་ནོར་གླིང་གི་རིག་གནས་སྒྱུ་རྩལ་ཀྲུང་བལ་རིག་གནས་སྤེལ་རེས་ཀྱི་ལོ་འཁོར་དུས་སྟོན་ཐོག་གཟབ་རྒྱས་ངང་འགྲེམ་སྟོན་བྱས།

སྤྱི་ཟླ་12པའི་ཚེས་23ཉིན། འཛམ་གླིང་གི་རིག་གནས་ཤུལ་བཞག །ཧི་མ་ལ་ཡའི་མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་ཐོན་རྫས་འགྲེམ་ཚོང་ཚོགས་ཆེན་དེ། བལ་ཡུལ་གྱི་རྒྱལ་ས་ཀ་ཏ་མན་ཏོ་རུ་གཟབ་རྒྱས་ངང་འགོ་ཚུགས། བྱེད་སྒོ་འདི་ནི་བལ་པོའི་རྒྱལ་ཁབ་འགྲེམ་ཁང་དང་ཨ་ཉི་ཀོ་ཚོགས་པས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། ཛམ་ལྷའི་ནོར་གླིང་ནི་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་མཚོན་བྱེད་རང་བཞིན་ལྡན་པའི་ཚོགས་པ་ཞིག་ཡིན་པས་ཆེད་དུ་གདན་ཞུ་བྱས་ཤིང་། ན་གཞོན་རིག་གནས་རྒྱུན་འཛིན་པ་བསམ་གྲུབ་སྐྱབས་དང་བཀྲ་ཤིས་ལྷ་མོ་གཉིས་ཀྱིས་ཚབ་བྱས་ཏེ་མཉམ་དུ་ཞུགས།
བལ་པོའི་ཨོ་རྩལ་ཚོགས་པའི་ཀྲུའུ་ཞི། རིག་གནས་ཡུལ་སྐོར་དང་མཁའ་འགྲུལ་པུའུ་ཡི་པུའུ་ཀྲང་ཟུར་པ་སྐུ་ཞབས་Jeevan Ram Shresthaདང་། བལ་ཡུལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་དྲུང་ཆེ་གསུམ་པ་ཝང་ཅུན་ཧྥེང་། ཨ་ཉི་ཀོ་ཚོགས་པའི་ཀྲུའུ་ཞི་ Sushil Prajapati བལ་པོའི་ལག་ཤེས་བཟོ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ Rabindra Shakya བཅས་དང་། དེ་བཞིན་བལ་པོའི་ལས་རིགས་ཁག་གི་མཐུན་ཚོགས་དང་རིག་གནས་ཡུལ་སྐོར་ཁེ་ལས་སོགས་ཀྱི་འཐུས་མི། ཀྲུང་གོའི་བོད་འབྲེལ་ས་ཁུལ་གྱི་རིག་གནས་རྒྱུན་འཛིན་པ་དང་། རིག་གནས་གསར་གཏོད་ཁེ་ལས་པ་སོགས་མི་གྲངས་120ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས།

ཐེངས་འདིའི་བྱེད་སྒོ་ནི་ཀྲུང་བལ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70ལོན་པའི་དམིགས་བསལ་གྱི་དུས་སྐབས་སུ་སྤེལ་བའི་ལོ་འཁོར་རིག་གནས་དུས་སྟོན་འགངས་ཆེན་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་ཆོས་རིག་གནས་དང་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱུན་མཐུད་དང་གཞི་ཁྱོན་ཅན་དུ་འགྱུར་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་རེད།
དབུ་འབྱེད་མཛད་སྒོའི་ཐོག་ཨ་ཉི་ཀོ་ཚོགས་པའི་ཀྲུའུ་ཞི་Sushil Prajapati ཡིས་ཀྲུང་བལ་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས་ཁུངས་འདེད་བརྒྱུད་ནས། དུས་རབས་གསར་པའི་རྒྱབ་ལྗོངས་འོག་གི་བྱེད་སྒོ་འདིའི་དམིགས་བསལ་དོན་སྙིང་འགྲེལ་བཤད་གནང་བར་མ་ཟད། ཀྲུང་གོའི་བོད་འབྲེལ་ས་ཁུལ་གྱི་རིག་གནས་སྲུང་སྐྱོབ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། ལྷག་པར་དུ་རིག་གནས་གསར་གཏོད་ཐོན་ལས་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོར་རྟེན་འབྲེལ་ཞུས་པ་རེད།

བལ་པོའི་རྒྱལ་ཁབ་འགྲེམ་ཁང་གི་འཐུས་མིས་ཐེངས་འདིའི་འགྲེམས་སྟོན་གྱི་མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་ཐོན་རྫས་ཀྱི་རིགས་དང་ཁྱད་ཆོས་ངོ་སྤྲོད་གནང་བ་དང་། སྐུ་མགྲོན་གཞན་དག་དང་ལྷན་དུ “ཀྲུང་བལ་རིག་གནས་གསར་གཏོད་ཐོན་རྫས་ཀ་ཏ་མན་ཏོ་འགྲེམས་ཚོང་ལྟེ་གནས” དབུ་བརྙེས་པའི་སྒོ་བྱང་ཞལ་འབྱེད་བྱས། འདིས་མ་འོངས་པར་ཀྲུང་བལ་མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་སྤེལ་རེས་ལ་རྒྱུན་མཐུད་ཀྱི་སྟེགས་བུ་ཡོད་པ་མཚོན་ཞིང་། ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་དང་དེའི་གསར་གཏོད་ཐོན་རྫས་གོ་ལ་ཧྲིལ་པོའི་ཁྲོམ་རར་བསྐྱོད་པའི་ལམ་བུ་བཏོད་པ་རེད།
ཛམ་ལྷའི་ནོར་གླིང་གི་རིག་གནས་རྒྱུན་འཛིན་པ་བཀྲ་ཤིས་ལྷ་མོས་རིག་གནས་གསར་གཏོད་ཁེ་ལས་ཀྱི་ཚབ་བྱས་ཏེ། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ཐད་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་བ་དང་། རྒྱུན་འཛིན་པ་བསམ་གྲུབ་སྐྱབས་ཀྱིས་ཀྲུང་བལ་གྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་པ་དག་དང་ལྷན་དུ། ཧི་མ་ལ་ཡའི་ཁྱབ་ཁོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་ལས་གཞིའི་རྒྱུན་འཛིན་གསར་པ་དང་། མཚམས་བརྒལ་མཉམ་གནས་ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། བཟོ་རིག་སྒྱུ་རྩལ་དང་། ཐོན་རྫས་རྒྱལ་མཚམས་ལས་བརྒལ་བ། སྲོལ་རྒྱུན་དང་ཁྲོམ་རའི་བར་གྱི་འབྲེལ་བ་སོགས་ཀྱི་གནད་དོན་ཐོག་གླེང་མོལ་གཏིང་ཟབ་བྱས། ཚོགས་ཞུགས་མི་སྣ་དང་ལྷན་དུ་མངོན་མིན་རིག་གནས་རྒྱུན་འཛིན་དང་རིག་གནས་གསར་གཏོད་ཐོན་ལས་གོང་འཕེལ་གྱི་གྲུབ་འབྲས་དང་ཉམས་མྱོང་སྤེལ་རེས་བྱས། དེ་རྗེས་ཛམ་ལྷའི་ནོར་གླིང་དང་ཨ་ཉི་ཀོ་ཚོགས་པ་གཉིས་བར་ཧི་མ་ལ་ཡའི་རིག་གནས་ཡུལ་སྐོར་སྤེལ་རེས་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གོང་འཕེལ་སོགས་ཀྱི་ཐད་དུས་ཡུན་རིང་པོའི་མཉམ་ལས་གྲོས་མཐུན་གྱི་གན་རྒྱ་བཞག་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་འདི་ནི་བལ་པོ་རྒྱལ་ཁབ་ཏུ་སྤེལ་བའི་ཧི་མ་ལ་ཡའི་མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་ཀྱི་གྲུབ་འབྲས་མ་ལག་ཚང་བ་དང་། གོ་རིམ་ལྡན་པ། གཞི་རྒྱ་ཆེ་བའི་འགྲེམ་སྟོན་ཐོག་མ་ལྟ་བུར་ཆགས་ཡོད་འདུག་ལ། ཛམ་ལྷའི་ནོར་གླིང་གི་ཐང་ག །བོད་སྨན། སྤོས། རྫ་ཆས། བོད་ཤོག །ས་གདན་སོགས་བཟོ་རིགས་བཅུ་ལྷག་གི་ཁྱད་ལྡན་བརྩམས་ཆོས་དང་རིག་གནས་གསར་གཏོད་ཐོན་རྫས་འགྲེམ་སྟོན་མཉམ་ཞུགས་བྱས་ཡོད་པ་དང་། མ་འོངས་པའི་བདུན་ཕྲག་གཅིག་རིང་། རྒྱལ་ས་ཀ་ཏ་མན་ཏོ་དང་པོ་ཁ་ར་གཉིས་སུ་མུ་མཐུད་ནས་འགྲེམས་སྟོན་དང་། ངོ་སྤྲོད། མྱོང་རོལ་འབྲེལ་འདྲིས་སོགས་བྱེད་སྒོ་སྣ་མང་སྤེལ་རྒྱུ་རེད། ཉེ་བའི་ལོ་ཤས་རིང་གི་ཀྲུང་གོའི་བོད་འབྲེལ་ས་ཁུལ་གྱི་རིག་གནས་སྲུང་སྐྱོབ་ཀྱི་གྲུབ་འབྲས་རྨད་དུ་བྱུང་བ་ངོམས་སྟོན་དང་། སྤུས་ལེགས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་བལ་པོའི་ཁྲོམ་རར་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས། ཉམས་མྱོང་མཉམ་སྤྱོད་བྱས་ནས་ཀྲུང་བལ་གཉིས་ཀྱི་མཛའ་བཤེས་མཉམ་ལས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏང་རྒྱུ་རེད། ཐེངས་འདིའི་བྱེད་སྒོས་ཀྲུང་བལ་ཕྱོགས་གཉིས་ཀྱི་རིག་གནས་དང་དཔལ་འབྱོར་ཚོང་དོན་སྤེལ་རེས་ཀྱི་ལེའུ་གསར་པ་བཏོད་ནས། རྒྱལ་མཚམས་ལས་བརྒལ་བའི་རིག་གནས་ཀྱི་དགའ་སྟོན་འདིས། ཧི་མ་ལ་ཡའི་མངོན་མིན་རིག་གནས་ཤུལ་བཞག་གི་མཛེས་སྡུག་གི་གཟི་དཔལ་ཀ་ཏ་མན་ཏོ་བརྒྱུད་ནས་འཛམ་གླིང་ལ་ཁྱབ་སྤེལ་བྱས།
