ཐེ་བོ་གྲོང་རྡལ་གདོང་སྣེ་སྡེ་པའི་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོ་ཐེངས་ཐོག་མ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༢༤

སྤྱི་ཟླ་12པའི་ཚེས་22ཉིན། མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་མཛུབ་ཁྲིད་འོག །གདོང་སྣེ་སྡེ་པས“སེམས་ཤུགས་གཅིག་ཏུ་སྒྲིལ་ནས་གཡུར་ཟའི་འབྲས་བུ་མཉམ་སྤྱོད་བྱ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འཕེལ་ལམ་གསར་པ་གཏོད”ཅེས་2025ལོའི་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བའི་ཚོགས་ཆེན་འཚོགས། དེ་ནི་2021ལོར་གདོང་སྣེ་སྡེ་པ་དང་ཁ་ཅི་སྒང་སྡེ་པ། གོང་མ་སྡེ་པ་གསུམ་མཉམ་སྒྲིལ་བྱས་པ་ནས་བཟུང་། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཕྱིན་ནས་སྡེ་མི་ཡོངས་ལ་ཕན་ཁེ་ཐེབས་ཐེངས་དང་པོ་ཡིན་པ་དང་། གྲོང་སྡེ་ཡོངས་ཀྱི་ཁྱིམ་ཚང་142གྱི་འཐུས་མི་མཉམ་དུ་འཛོམས་ནས་གདོང་སྣེ་སྡེ་པའི་གྲོང་གསེབ་དར་རྒྱས་ཀྱི་འབྲས་བུ་མཉམ་སྤྱོད་བྱས།

ཚོགས་ཆེན་གྱི་ཡུལ་དངོས་སུ་སྤྲོ་བས་ཁེངས། ཁེ་སྤོགས་བགོ་ཐེངས་དེར “སྒོར་མོས་སྐུལ་ལྕག+གཅེས་དངོས་བྱིན་པ”བརྒྱུད་ཁྱོན་སྒོར་127170བགོས། དེ་རུ་ཤོག་སྒོར་99700དང་རིན་གོང་སྒོར་27470ཟིན་པའི་འབྲས་དང་ཕྱེ་འདུ། སྡེ་མི་རྣམས་ཀྱིས་གོ་རིམ་ལྡན་པའི་ཤོག་སྒོར་དང་གཅེས་དངོས་བླངས་ནས་གདོང་ལ་དགའ་སྤྲོའི་འཛུམ་གྱིས་ཁེངས། དེ་ནི་ཐོབ་ཚོར་དང་སྐྱིད་སྣང་དོད་པའི་མཚོན་ཚུལ་ཞིག །ཚང་མས་གདོང་སྣེ་སྡེ་པའི་ཐུན་མོང་དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ནས་སྡེ་མིའི་སྒོར་ཁུག་ཇེ་མཐུག་ཏུ་སོང་། ཏང་དང་སྲིད་གཞུང་གི་སྲིད་ཇུས་ལེགས་པོར་ཐུགས་རྗེ་ཆེ་ཞུ། སླད་ཕྱིན་གྱི་འཚོ་བ་རེ་བས་ཁེངས་འདུག་ཅེས་བཤད།

“ཁེ་ཕན”ཆེན་པོ་དེ་ནི་ཉེ་བའི་ལོ་ཤས་རིང་གདོང་སྣེ་སྡེ་པའི“ཨུ་ལྷན་གཉིས”གྱིས་ཐེ་བོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག །ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་ནུས་ཤུགས་གཅིག་ཏུ་བསྡུས་ནས། སྣ་མང་ཅན་གྱི་ཐུན་མོང་དཔལ་འབྱོར་འཕེལ་ལམ་འཚོལ་བའི་ལག་ལེན་ལས་བྱུང་བ་དང་། “རི་དེ”ཁྱད་ལྡན་གསོ་སྤེལ་དང“ཤྭ་བ་གླིང་”སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་སྤུས་རྟགས་བཏོད། ཐོན་ཁུངས་རྒྱུ་ནོར་གསར་སྤེལ་བྱས་ནས་ཐུན་མོང་དཔལ་འབྱོར་དེ“མྱུ་གུ་ཙམ”ནས“རྒྱུན་མཐུད་སྟོབས་ཆེར་གཏོང་བའི”ཕྱོགས་སུ་སྐུལ་འདེད་བཏང་སྟེ། ཡོང་འབབ་འཕར་བའི་ཐབས་ལམ་བརྟན་པོ་བཏང་། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དུས་མཚུངས་སུ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱིས་རྨང་གཞིའི་སྒྲིག་བཀོད་ལེགས་སྒྱུར་བྱས་ནས་གཞིས་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། “གྲོང་སྡེ་སྟོབས་འབྱོར་ལྡན་པ”དང“སྡེ་མི་ཕྱུག་འགྱུར”། “ཕྱིའི་རྣམ་པ་གསར་པ”དང“ཕན་བདེ་མང་པོ”སོགས་མངོན་འགྱུར་བྱུང་།

ཁེ་སྤོགས་བགོ་བའི་ཚོགས་ཆེན་ནི་ཐོབ་འབྲས་འགྲེམས་སྟོན་བྱེད་ཐེངས་ཤིག་ཡིན་པར་མ་ཟད། སྟོབས་ཤུགས་གཅིག་སྒྲིལ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་ཐེངས་གཅིག་ཀྱང་ཡིན། དེས“འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་དུ་ཡིན་ལ་མི་དམངས་ལ་བརྟེན་དགོས་པས། འཕེལ་རྒྱས་ཀྱི་ཐོབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱ་བའི”སྙིང་དོན་གསལ་བཤད་བྱས། གཞི་རིམ་ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་གཅིག་བསྡུ་དང་འབོད་སྐུལ་གཏོང་ཤུགས་ཆེས་ཆེར་འཕེལ་བས། གྲོང་སྡེའི“ཨུ་ལྷན་གཉིས”སྐབས་བརྗེ་ལས་དོན་བདེ་བླག་ངང་སྤེལ་བར་མང་ཚོགས་ཀྱི་རྨང་གཞི་དང་ཡིད་ཆེས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། ཚང་མས་གྲོང་སྡེའི“ཨུ་ལྷན་གཉིས”ཀྱིས་ལས་འགན་ལེགས་བསྒྲུབས་གནང་བར་གདེང་འཇོག་ལེགས་པོ་བྱས་ཏེ། གདོང་སྣེ་སྡེ་པའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽