ལོ་ལོན་རྣམས་ཀྱི་འཕྲོད་བསྟེན་བདེ་ཐང་ལ་བདག་སྐྱོང་བྱས་ནས་བདེ་སྐྱིད་འཚོ་བ་རོལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༢༣

རྒྱལ་ཁབ་ཀྱི་ལོ་ལོན་རྣམས་ཀྱི་འཕྲོད་བསྟེན་བདེ་ཐང་ལ་བདག་སྐྱོང་གི་བཀོད་པ་ལྟར། ལོ་ལོན་རྣམས་ཀྱི“སྨན་པར་བསྟེན་དཀའ་ལ་འགྲོ་ཐག་རིང་བའི”གནད་དོན་དངོས་ཐག་གཅོད་བྱ་ཆེད། ཉེ་ཆར་སྨན་བཅོས་ཐུན་མོང་སྒྲིག་གཞིའི་སྤྱི་ཁྱབ་སྨན་ཁང་མཛོད་དགེ་རྫོང་བོད་སྨན་ཁང་གི་ཡན་ལག་སྨན་ཁང་གིས་རྫོང་ཨུའི་སྤྱི་ཚོགས་ལས་དོན་པུའུ་དང་སྤང་རྒྱན་མེ་ཏོག་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ། “ལོ་ལོན་གྱི་འཕྲོད་བསྟེན་བདེ་ཐང་ལ་བདག་སྐྱོང་བྱས་ནས་བདེ་སྐྱིད་འཚོ་བ་རོལ”ཞེས་པའི་བརྗོད་དོན་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ། བྱེད་སྒོ་དེས་ལོ་ལོན་རྣམས་ཀྱི་རྒྱུན་མཐོང་གི་བདེ་ཐང་གནད་དོན་ལ་དམིགས་ནས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་བཏོན་པར་གདེང་འཇོག་ལེགས་པོ་ཐོབ།

སྟ་གོན་ཡོད་པའི་སྒོ་ནས་སྒྲིག་འཛུགས་ཞིབ་འཛུགས་བྱས། རྫོང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡིས་གཞི་རིམ་རྩ་འཛུགས་ཀྱི་ལེགས་བབ་ལ་གཞིགས་ནས་གྲོང་སྡེའི་ཨུ་ལྷན་གྱི་སྤྱི་བསྒྲགས་དང་ཁྱིམ་དུ་བཅར་འདྲིར་ཕྱིན་པ། ཁ་པར་བརྒྱུད་བརྡ་བཏང་བ་སོགས་ཀྱི་ལམ་ནས་མངའ་ཁུལ་གྱི་ལོ་ན་60ཡན་གྱི་ལོ་ལོན་རྣམས་ལ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་གནས་དང་དུས་ཚོད། ཞབས་ཞུའི་ནང་དོན། དོ་སྣང་བྱ་དགོས་པའི་དོན་ཚན་བཅས་གསལ་པོར་བཤད། དགོས་མཁོ་ཡོད་པའི་ལོ་ལོན་རྣམས་ལ་བརྡ་འབྱོར་བར་འགན་ལེན་བྱས། སྨན་ཁང་གིས་ལོ་ལོན་རྣམས་ཀྱི་བདེ་ཐང་དགོས་མཁོ་དང་འབྲེལ་ནས། ཁོག་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག་སོགས་ཚན་ཁག་གི་རྐང་འཛིན་སྨན་པ་བདམས་ནས་འོས་འགན་སྨན་བཅོས་ཚོགས་པ་བཙུགས་ཏེ། བྱེད་སྒོ་བདེ་བླག་ངང་སྤེལ་བར་སྨན་བཅོས་འགན་སྲུང་བྱས།

སྨན་བཅོས་ཞབས་ཞུ་དོན་དང་མཐུན་པ། འོས་འགན་སྨན་བཅོས་བྱ་ཡུལ་དུ་སྨན་པ་རྣམས་ཀྱིས་ལོ་ལོན་ཚོར་ཁྲག་ཤེད་འཇལ་བ་དང་སྙིང་ལ་བརྟག་པ་བརྒྱུད། གཅོང་ནད་དོ་དམ་དང་ཚིགས་ནད་སོགས་རྒྱུན་མཐོང་གི་གནད་དོན་ལ་དམིགས་ནས། རེ་རེ་བཞིན་ནད་རྟགས་དང་འཚམ་པའི་སྨན་བཅོས་བསམ་འཆར་དང་བདེ་ཐང་མཛུབ་ཁྲིད་གནང་། བྱེད་སྒོར་ད་དུང་ལོ་ལོན་རྣམས་ལ་རིན་མི་དགོས་པར་སྨན་རྫས་བྱིན་པ་དང་། འགྲོ་སྐྱོད་སྟབས་བདེ་མིན་པའི་ལོ་ལོན་ལ་བརྒྱུད་རིམ་ཧྲིལ་པོར་རོགས་སྐྱོར་ཞབས་ཞུ་བཏོན།

ཕན་འབྲས་མངོན་པར་དོད་ལ་གདེང་འཇོག་ལེགས་པོ་གནང་། བྱེད་སྒོར་བསྡོམས་པས་མི་ཐེངས་80ལ་ཞབས་ཞུ་བཏོན་པ་དང་། སྨན་ཐོ་80ལྷག་བྲིས། རིན་གོང་སྒོར་5000ཟིན་པའི་སྨན་རྫས་བྱིན། ལོ་ལོན་རྣམས་ཀྱི་བདེ་ཐང་འདུ་ཤེས་ལེགས་པོ་བསྐྱེད་པར་མ་ཟད་ཁོ་ཚོའི་སྨན་པར་བསྟེན་དཀའ་བའི་གནད་དོན་ཐག་གཅོད་བྱས་པས་སྡེ་ཁུལ་གྱི་མང་ཚོགས་རྣམས་ཀྱིས་བསྔགས་བརྗོད་གང་མང་བྱས།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽