ལྷ་ཀླུ་འདམ་རར་རྒྱལ་སྤྱིའི་མཚན་སྙན་འདི་ཐོབ་འདུག

སྤྱི་ལོ་2025ཟླ་12ཚེས་20ཉིན་གྱི་སྔ་དྲོར། “འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གྲོང་ཁྱེར་རང་བྱུང་འདམ་ར”ཞེས་པའི་WRCAའཛམ་གླིང་ཟིན་ཐོའི་ངོས་འཛིན་ར་སྤྲོད་ཀྱི་མཛད་སྒོ་དེ། གྲོང་ཁྱེར་ལྷ་སའི་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གཟབ་རྒྱས་ངང་འཚོགས་པ་རེད།

མཛད་སྒོའི་ཐོག་འཛམ་གླིང་ཟིན་ཐོ་ར་སྤྲོད་ལྷན་ཚོགས་(WRCA)ཀྱི་བདེན་དཔང་པ་དང་འཐུས་མི་རྣམས་ཀྱིས་ཡུལ་དངོས་སུ་ཞིབ་བཤེར་ཚད་ལེན་གནང་བའི་གྲུབ་འབྲས་ཁྱབ་བསྒྲགས་གནང་བ་དང་སྦྲགས། ལྷ་ཀླུ་འདམ་ར་དེ་ཉིད་འཛམ་གླིང་གི་ཟིན་ཐོ་གསར་པའི་གྲས་སུ་ཚུད་པའི་མཚན་སྙན་དང་དཔང་ཡིག་དངོས་སུ་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ཀླུ་འདམ་ར་ནི་ད་ལྟའི་ཆར་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་། རྒྱལ་ནང་དུ་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་ཁྲོད་ཀྱི་སྐམ་སའི་རང་བྱུང་འདམ་ར་ཞིག་ཡིན་ལ། འདམ་ར་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་12.2ཟིན་གྱི་ཡོད། དེ་མིན་གནས་འདིའི་སྐྱེ་ཁམས་ཁོར་ཡུག་ཁྲོད་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། མིག་སྔར་མིས་བདག་སྐྱོང་བྱས་པའི་རྩི་ཤིང་སྣ་ཁ་435ཙམ་དང་། སྒལ་ཚིགས་སྲོག་ཆགས་རིགས་200ལྷག་འཚོ་གནས་བྱེད་བཞིན་ཡོད། དེའི་ནང་བྱ་རིགས་167དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་གྱི་སྲོག་ཆགས་རིགས་40ཡོད་པས་རང་བྱུང་གི་གཅེས་ནོར་ལྟ་བུར་གྱུར་ཡོད།
ལྷ་ཀླུ་འདམ་ར་ནི་“ལྷ་སའི་གློ་བ”ལྟ་བུ་ཡིན་པས། གྲོང་ཁྱེར་གྱི་ཁོར་ཡུག་མཛེས་སྡུག་ལྡན་པར་བསྒྱུར་བ་དང་། མཁའ་རླུང་གཙང་མར་བཟོ་བ། གསོ་རླུང་འདོན་སྤེལ་གྱི་ནུས་པ་ཆེ་བ། དེ་བཞིན་གནམ་གཤིས་སྙོམས་སྒྲིག་དང་། ཆུ་མགོ་གསོ་བ། ཆུའི་སྤུས་ཚད་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ལ་དོད་ཐབས་བྲལ་བའི་ནུས་པ་གལ་ཆེན་ཐོན་བཞིན་ཡོད།༼ཡིག་སྒྱུར། བསྟན་དབང་།༽
