དཀར་མཛེས་ཁུལ་དུ་འཕྲུལ་མིས་པུས་ཚིགས་བརྗེ་བའི་གཤགས་བཅོས་ཐོག་མ་བྱས།

ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༢༢

ཉེ་ཆར། དཀར་མཛེས་ཁུལ་བྲག་འགོ་རྫོང་མི་དམངས་སྨན་ཁང་གིས་འཕྲུལ་མིའི་རམ་འདེགས་འོག་དཀར་མཛེས་ཁུལ་གྱི་པུས་ཚིགས་ཧྲིལ་པོ་བརྗེ་བའི་གཤགས་བཅོས་ཐོག་མ་དེ་ལེགས་གྲུབ་བྱུང་ཡོད། དེའི་ཐོག་ནས་དཀར་མཛེས་རུས་ཚིགས་ཕྱི་ནད་ཚན་ཁག་དངོས་སུ་གྲངས་རིག་ཅན་གྱི་དུས་རབས་སུ་སླེབས་པ་མཚོན་ཡོད།

ཐེངས་འདིའི་གཤགས་བཅོས་ཐོག་མ་དང་ལེན་བྱེད་མཁན་དེ་ནི་ལོ་མང་རིང་པུས་མོའི་གྲུམ་ནད་ཚབས་ཆེན་གྱིས་མནར་ཞིང་འགྲོ་སྐྱོད་དཀའ་བའི་ལོ་62ལ་སླེབས་པའི་ནད་པ་ཞིག་རེད། གཤགས་བཅོས་བྱས་པའི་ཉིན་དེར། སི་ཁྲོན་སློབ་ཆེན་གྱི་ཁོངས་གཏོགས་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་རུས་ནད་ཚན་ཁག་དང་སྦྲིད་སྨན་ཚན་ཁག་གི་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག བྲག་འགོ་རྫོང་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་ཀྲུའུ་རེན་ཡན་ཧྥེང་གིས་ཚོགས་པའི་སྣེ་ཁྲིད་དེ་རུས་ཚིགས་གཤགས་བཅོས་འཕྲུལ་མིའི་མ་ལག་གསར་ཤོས་བཀོལ་སྤྱོད་བྱས་ཡོད། འཕྲུལ་མིའི་མ་ལག་གི་ཧའོ་སྨི་ཡ་རིམ་པའི་བཀོལ་སྤྱོད་ཞིབ་ཚད་དང་དུས་ཐོག་ཏུ་འགུལ་རྣམ་ལེགས་སྒྲིག་གི་ནུས་པ་བརྒྱུད། ནད་པའི་རུས་ཚིགས་དང་རྒྱུས་པའི་གནས་ཚུལ་ལ་གཞིགས་ནས་གནས་གཏན་འཁེལ་ཐུབ་ཡོད།

ཡན་ཧྥེང་གིས། “ལུས་པོའི་ཚད་འཇལ་ནས་གཏན་འཁེལ་བྱས་པའི”ཕྱོགས་སྟོན་མ་ལག་ཅིག་སྒྲིག་སྦྱོར་བྱས་པ་དང་འདྲ་པོ་ཡོད། འཕྲུལ་མིས་རྩ་གསུམ་མཐོང་ཐུབ་པའི་གཤགས་བཅོས་འཆར་འགོད་མཁོ་འདོན་བྱེད་ཐུབ་པ་མ་ཟད། ད་དུང་གཤགས་བཅོས་ཁྲོད་གནས་ཚུལ་ཚང་མར་དོ་སྣང་བྱེད་ཐུབ་པས། གཤགས་བཅོས་བྱེད་སྐབས་ཀྱི་ཟུར་ཚད་དང་བྱེད་གནས་དེ་གཤགས་བཅོས་མ་བྱས་གོང་གི་འཆར་གཞི་དང་གཅིག་མཐུན་ཡོང་བའི་འགན་ལེན་བྱེད་ཐུབ་ཀྱི་ཡོད། འདི་ནི་སྲོལ་རྒྱུན་གཤགས་བཅོས་ཀྱིས་སྒྲུབ་དཀའ་མོ་ཞིག་རེད་ཅེས་བརྗོད་ཡོད།

གཤགས་བཅོས་བྱས་རྗེས་ཀྱི་ཉིན་གཉིས་པར། ནད་པས་སྨན་དོན་མི་སྣའི་མཛུབ་སྟོན་འོག་ལུས་ཁམས་སླར་གསོའི་སྦྱོང་བརྡར་བྱེད་འགོ་བརྩམས་ཡོད། སྲོལ་རྒྱུན་གྱི་གཤགས་བཅོས་དང་བསྡུར་ན། ན་ཟུག་ཆུང་དུ་ཕྱིན་ཡོད་ལ། རུས་ཚིགས་འགུལ་སྐྱོད་ཐུབ་ཚད་ཀྱང་མངོན་གསལ་གྱིས་ལེགས་པོ་ཡིན་པ་རེད།