ཞི་ཅིན་ཕིང་གིས་ན་ཆུང་ཚོའི་བསམ་བློ་ཀུན་སྤྱོད་ཐད་མཛུབ་སྟོན་གནང་།

ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༡༨

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཏང་ཀྲུང་དབྱང་གིས་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་མཐོང་ཆེན་དང་། བྱེད་ཐབས་སྣ་མང་གིས་ལས་ཀ་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། བགྲོད་ལམ་གསར་པའི་ཐོག །ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་གི་གཞི་རྩའི་ལས་འགན་ལག་བསྟར་དང་། ནར་མ་སོན་པའི་མིའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྱོང་དེ་འཐབ་ཇུས་རང་བཞིན་དང་རྨང་གཞི་རང་བཞིན་གྱི་ལས་ཀར་བཟུང་ནས་དམ་འཛིན་དང་། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྲོག་རྩ་བྱེད་པ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་མཐུན་སྦྱོར་ངང་མི་གསོ་སྐྱོང་བྱེད་པའི་ནང་རྐྱེན་འཐུས་ཚང་གཏོང་བ། རྒྱ་ཆེའི་ནར་མ་སོན་པའི་མིར་ཕུགས་འདུན་ཆེན་པོ་འཛིན་པ་དང་། སྤྱི་ཚོགས་རིང་ལུགས་སྲོག་ཤིང་གི་རིན་ཐང་ལྟ་བ་ལག་བསྟར། ཀུན་སྤྱོད་བཟང་པོ་དང་གོམས་གཤིས་ཡག་པོ་ཆགས་པ་བཅས་ལ་སློབ་གསོ་དང་སྣེ་ཁྲིད་ནས། ཀུན་སྤྱོད་དང་ལུས་རྩལ། མཛེས་དཔྱོད། ངལ་རྩོལ་སོགས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་པ་དང་རྒྱུན་འཛིན་པ་བྱེད་གང་ཐུབ་བྱེད་དགོས། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ཇེ་དྲག་དང་། འབྲེལ་ཡོད་སྡེ་ཁག་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་འགན་ཡག་པོ་འཁུར་བ། ནར་མ་སོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་ནན་གསུང་གནང་།

ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན། ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་གྲོས་ཚོགས་ནང་ཞུགས་པ་མ་ཟད་གསུང་བཤད་གནང་།

ཚའེ་ཆི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་མིག་རྒྱང་རིང་ཞིང་ནང་དོན་གཏིང་ཟབ་པ། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། ཁ་གཏད་རང་བཞིན། མཛུབ་སྟོན་རང་བཞིན་དྲག་པོ་ལྡན་པས། སློབ་སྦྱོང་དང་གོ་བ་ལེན་པ་དང་། ལག་བསྟར་དོན་འཁྱོལ་ནན་མོ་བྱ་དགོས་ཞེས་གསུངས།

ཚའེ་ཆི་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དེ་གོ་གནས་གལ་ཆེན་དུ་བཞག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔྱད་བརྗོད་གལ་ཆེན་རབ་དང་རིམ་པ་དང་། མཛུབ་སྟོན་གལ་ཆེན་གནང་། དུས་རབས་གསར་པའི་ནང་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་དང་། འགན་འཁྲིའི་ལས་འགན། བྱེད་ཐབས་བཅས་ཇེ་དྲག་དང་ལེགས་བཅོས་གཏོང་བ་དང་། ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་གི་ལས་དོན་ཡག་མོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་བཏོན་ཡོད་ཅེས་གསུངས།

ཚའེ་ཆི་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་གི་དཔྱད་བརྗོད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ། ཏང་གི་ཁྱོན་ཡོངས་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཇེ་དྲག་གཏོང་བ། ཀུན་སྤྱོད་ལ་བརྟེན་ནས་མི་འཛུགས་སྐྱོང་བྱེད་པ་དེ་རྩ་བའི་ལས་འགན་བྱེད་པ། སློབ་གྲྭ་དང་ཁྱིམ་ཚང་སྤྱི་ཚོགས་མཐུན་སྦྱོར་བྱས་ནས་མི་སྣ་གསོ་སྐྱོང་བྱེད་པའི་ནང་རྐྱེན་འཐུས་ཚང་གཏོང་བ། རྒྱ་ཆེའི་ནར་མ་སོན་པའི་མིའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པར་སློབ་གསོ་དང་སྣེ་ཁྲིད་དེ། ཕུགས་འདུན་གྱི་འདུ་ཤེས་བརྟན་པོ་དང་། རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོ། ཀུན་སྤྱོད་བྱང་ཚད་ཇེ་དྲག །ཤེས་བྱ་དང་ལྟ་རྒྱ་ཐོས་རྒྱ་ཇེ་ཆེ། འབད་བརྩོན་གྱི་སྙིང་སྟོབས་གསོ་སྐྱོང་། སྣ་འཛོམས་བྱང་ཚད་ཇེ་དྲག་ཏུ་གཏང་དགོས་ཞེས་ནན་གསུང་གནང་།