སེ་འབྲུ་ལས་གཞིས་མི་སེམས་གསོས། བྱམས་བརྩེའི་རོགས་སྐྱོར་ཀུན་ལ་ཕན།

ཉེ་ཆར། མཛོད་དགེ་རྫོང་རྒྱ་གྲམ་དམར་པོས་སེ་འབྲུ་ལས་གཞིའི་བཀོད་སྒྲིག་ལྟར། ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་བབ་བཟོ་ཡུལ་ཚོ་དང་བྱམས་མེ་གྲོང་རྡལ། བཞག་ལྡོམ་གྲོང་རྡལ། སྟག་ཚ་གྲོང་རྡལ་བཅས་ཀྱི་མ་གཅིག་པུས་སྐྱོང་བའི་ཁྱིམ་ཚང་དཀའ་ཁག་ཅན་ལ་འཚམས་འདྲི་བྱས་ནས། མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱ་གྲམ་དམར་པོའི་བྱམས་བརྩེའི་དྲོད་འཁོལ་སྦྱིན།
འཚམས་འདྲི་ཚོ་ཆུང་དཀའ་ཁག་ཅན་གྱི་ཁྱིམ་ཚང་རེ་རེར་ཕྱིན་ནས། ཁྱིམ་ཚང་གི་ཐོན་སྐྱེད་འཚོ་བ་དང་འཕྲོད་བསྟེན་བདེ་ཐང་། དགོས་མཁོ་དངོས་ལ་རྒྱུས་ལོན་བྱས་ཏེ། བློ་སྟོབས་ཆེན་པོས་དཀའ་ཁག་ལ་གདོང་གཏོད་དགོས་པའི་སྐུལ་མ་བཏང་། བྱེད་སྒོ་དེར་མ་གཅིག་པུས་སྐྱོང་བའི་ཁྱིམ་ཚང་དཀའ་ཁག་ཅན་ལ་རིན་གོང་སྒོར་500ཟིན་པའི་འཚམས་འདྲིའི་དངོས་ཟོག(འབྲས་དང་ཕྱེ། སྣུམ། གོན་པ། ལྷམ་དང་ཞྭ་མོ་སོགས)དང་རོགས་དངུལ་སྒོར་500བྱིན།

སེ་འབྲུའི་ལས་གཞི་གཉེར་འགོ་བརྩམས་པ་ནས་བཟུང་། རྫོང་རྒྱ་གྲམ་དམར་པོས་ཏང་སྲིད་གཞུང་དང་མང་ཚོགས་ཀྱི་འབྲེལ་ཟམ་ནུས་པ་ལེགས་འདོན་གྱིས། “མི་ཆོས་དང་བྱམས་བརྩེ། བྱས་རྗེས་འཇོག་པ”བཅས་ཀྱི་རྒྱ་གྲམ་དམར་པོའི་སྙིང་སྟོབས་ལག་ལེན་ཏུ་བསྟར་ནས། མ་གཅིག་པུས་སྐྱོང་བའི་ཁྱིམ་ཚང་དཀའ་ཁག་ཅན་དང་། ནད་པ་ལྕི་མོ་དང་སྙིང་ནད་ནད་པ། ཁྲག་དཀར་ངན་སྐྲན་ནད་པར་རོགས་སྐྱོབ་བྱས། མིག་སྔའི་བར་བསྡོམས་པས་རོགས་དངུལ་སྒོར་ཁྲི་15.9བཏང་ནས་དཀའ་ཁག་ཅན་གྱི་མང་ཚོགས་105ལ་ཕན་བདེ་བསྐྲུན། སྦྱོར་བ་དངོས་ཀྱིས་མི་རིགས་ཁག་སེ་འབྲུ་བཞིན་དམ་དུ་སྦྲེལ་ནས། རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྟོབས་ཤུགས་ཕུལ།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽
