སྒྲིག་འགལ་མ་དངུལ་ཁྲི་747.39ཕྱིར་བླངས་ནས་སྨན་འགན་ཐེབས་རྩ་བསྲུངས།
ཉེ་ཆར་གསར་འགོད་པས་དཀར་མཛེས་ཁུལ་སྨན་འགན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལམ་སྲོལ་འཛུགས་སྐྱོང་དང་། བཙན་ཐབས་བཅོས་སྐྱོང་། ཚན་རྩལ་ནུས་སྤྲོད་བཅས་ཕྱོགས་མང་མཉམ་སྒྲུབ་བྱས་པ་བརྒྱུད་མགོ་སྐོར་གཡོ་འཕྲུལ་གྱི་འགན་བཅོལ་བྱ་སྤྱོད་ལ་མུ་མཐུད་དུ་བཅོས་སྒྲིག་ནན་པོ་བྱས་ཏེ། ལོ་ཧྲིལ་པོར་སྒྲིག་འགལ་མ་དངུལ་སྒོར་ཁྲི་747.39ཕྱིར་བླངས་ནས་སྨན་འགན་ཐེབས་རྩ་ཉེན་མེད་ཡོང་བར་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།
ཐེངས་འདིའི་བཅོས་སྒྲིག་བྱ་སྤྱོད་ཁྲོད་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐོ་རིམ་ཆེད་དོན་བཀོད་སྒྲིག་ལ་སྐུལ་འདེད་བཏང་ནས་སྟོབས་དང་ལྡན་པའི་ལས་ཀའི་འགན་ལེན་མ་ལག་བཙུགས་པ་རེད། མཉམ་འབྲེལ་གྱོད་སྒྲུབ་དང་ཆ་འཕྲིན་སྤེལ་རེས། མཉམ་ལས་ལམ་སྲོལ་བཙུགས་པ་བརྒྱུད་ཁུལ་དང་རྫོང་རིམ་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས“གཅིག་བསྡུས་འགག་སྒྲོལ་དང་མངའ་ཁོངས་འགན་སྒྲུབ”ཀྱི་ལས་ཀའི་རྣམ་པ་ཁྱབ་སྤེལ་བཏང་ནས་བཅོས་སྐྱོང་གི་མཉམ་ཤུགས་ཆགས་པར་བྱས། དེ་དང་ཆབས་ཅིག་ནང་ཁུལ་ཚོད་འཛིན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་གཞིའི་རྩིས་བཤེར་དང་ནོར་དོན་ཞིབ་བཤེར་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་རིམ་རྩིས་ཐོག་གནད་དོན་ཁག་73བཅོས་སྒྲིག་བྱས་ནས་སྨན་འགན་ཐེབས་རྩའི་ཉེན་མེད་ལམ་ལུགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་བསྐྲུན།
“ནད་པ་རྫུན་མ་དང་། ནད་གཞི་རྫུན་མ། འཛིན་ཤོག་རྫུན་མ”སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། དཀར་མཛེས་ཁུལ་གྱིས“རང་བཤེར་རང་བཅོས་དང་འཕྲལ་མར་ཞིབ་བཤེར། ཁུལ་རིམ་པའི་བསྐྱར་ཞིབ་བཅས་ཟུང་འབྲེལ”གྱི་མཉམ་འབྲེལ་ཐབས་ལམ་སྤྱད་ནས་ཕྱོགས་ཡོངས་དང་རིམ་པ་མང་པོའི་ཞིབ་བཤེར་བཅོས་སྒྲིག་བྱས་པ་རེད། གྲངས་གཞི་ལས་མངོན་པ་ལྟར་ན། ལོ་ཧྲིལ་པོར་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་657ལ་ཞིབ་བཤེར་བྱས་པ་དང་། སྒྲིག་འགལ་སྒྲིག་གཞི་604ཐག་གཅོད་བྱས། སྒྲིག་འགལ་མ་དངུལ་སྒོར་ཁྲི་738.45ཕྱིར་བསྡུས་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པས་གཤམ་སྤྲོད་བྱས་པའི་དོགས་ཡོད་ཁུངས་སྣེ་33325ལ་གནད་འཁེལ་ཞིབ་དཔྱད་བྱས་པ་དང་མ་དངུལ་སྒོར་ཁྲི་8.94བདའ་འདེད་བྱས། སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ནས་ཉེན་ཁ་ཆེ་བའི་ཁུངས་སྣེ་གཙོ་གནད་འགག་སྒྲོལ་བྱས་ཏེ་རིམ་རྩིས་ཐོག་གནད་དོན་ཁུངས་སྣེ་259རྩིས་སྤྲོད་བྱས།
ཡུན་རིང་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་ཆེད། དཀར་མཛེསཁུལ་གྱིས་ཚན་རྩལ་གྱི་སྦྲེལ་ཐག་སྟོབས་ཆེར་གཏང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་། རིམ་པ་གཉིས་པ་ཡན་གྱི་སྨན་ཁང་དུ་རིག་ནུས་ཞིབ་བཤེར་མ་བྱས་པའི་སྔོན་གྱི་དྲན་སྐུལ་མ་ལག་ཁྱོན་ཡོངས་ལ་ཁྱབ་པ་དང་། སྨན་ཁང་དུ་སྡོད་པ་སོགས་གཙོ་གནད་སྨན་བཅོས་བྱ་ཡུལ་དུ་བརྙན་ལམ་ལྟ་སྐུལ་ཚོད་འཛིན་བཀོད་སྒྲིག་བྱས་པར་མ་ཟད། དྲ་ཐོག་ཏུ་ཕྱི་རྨས་བརྟག་དཔྱད་ཀྱི་གོ་རིམ་ཆུང་ཆུང་གསར་གཏོད་བྱས་ནས་བརྒྱུད་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་གནད་ལ་འཁེལ་བ་མངོན་འགྱུར་བྱུང་། དེ་དང་ཆབས་ཅིག“ཁུལ་རིམ་པའི་གཞི་གྲངས་དབྱེ་ཞིབ་དང་རྫོང་རིམ་པའི་ཡུལ་དངོས་ཞིབ་བཤེར་ཟུང་འབྲེལ”གྱི་མཉམ་འགུལ་ལམ་སྲོལ་ཟབ་ཏུ་བཏང་ནས་དཔེ་མཚོན་གྱོད་དཔེ་དམར་འདོན་དང་ཐེར་འདོན་གྱི་ཐབས་ལམ་ཡོངས་བསྒྲགས་བྱས་པ་བརྒྱུད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སོགས་སྡེ་ཚན་དང་མཉམ་འགུལ་གྱིས་རྒྱུན་ལྡན་ཅན་གྱི་ལྟ་སྐུལ་མ་ལག་བཙུགས་ནས་བཅོས་སྒྲིག་གི་ཕན་འབྲས་མུ་མཐུད་ནས་སྲ་བརྟན་དུ་བཏང་། །༼ལོ་ཙཱ། རྟ་མགྲིན་རྡོ་རྗེ།༽
