དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལ་ལན་ཆ་ཆེན་པོ་བྱུང་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༡༥

ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཤིང་། གྲོས་ཚོགས་ཀྱི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱས་ཐོག ཡིད་ཆེས་བརྟན་པོ་དང་ནུས་ཤུགས་ཆེན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། སྟོབས་ཤུགས་གང་ཡོད་ཀྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ལེགས་པོ་འཛུགས་ཐུབ་པ་བྱ་རྒྱུ་དང་། ཐུན་མོང་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཞེས་བརྗོད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་2025ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་བསྡོམས་དང་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གནང་ཞིང་། 2026ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་ཡོད། ཚང་མས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་སང་ལོའི་དཔལ་འབྱོར་ལས་དོན་ཏན་ཏིག་ངང་ལེགས་སྒྲུབ་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་ཡག་པོ་འཛུགས་ཐུབ་པའི་འགན་ལེན་བྱ་ཆེད་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་བརྩི་སྲུང་ཞུ་ཡུལ་མཁོ་འདོན་གནང་ཡོད་ཅེས་བརྗོད་ཡོད། ཞིང་ལས་དང་གྲོང་གསེབ་པུའུ་རོགས་སྐྱོར་སིའི་སི་ཀྲང་གཞོན་པ་ལིའུ་ཅུན་ཡུང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཕྱོགས་སྟོན་སྣེ་ཁྲིད་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཡོད་པས། ང་ཚོར་དཀའ་ངལ་དང་འགལ་རྐྱེན་མཐའ་དག་ལས་རྣམ་པར་རྒྱལ་ཏེ་ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་འདི་རླུང་བརྟེན་རླབས་གཤག་ངང་བརྟན་ཐོག་རྒྱང་བགྲོད་ཐུབ་པ་བྱེད་པའི་གདིང་ཤུགས་ཆེ་ཤོས་ཡོད་ཅེས་བརྗོད་ཡོད།

འགག་སྒོ་སྤྱི་ཁྱབ་ཧྲུའུ་བསྡོམས་རྩིས་དབྱེ་ཞིབ་སིའི་སི་ཀྲང་ལུའི་ཏ་ལེང་གིས། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་སྤྱིའི་ཆ་ནས་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ལྡེམ་ཤུགས་དང་གསོན་ཤུགས་ཆེན་པོ་མངོན་ཡོད། གྲུབ་འབྲས་འདི་དག་ཐོབ་པའི་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཕྱོགས་སྟོན་སྣེ་ཁྲིད་ཡོད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཡོད་པར་ཐུག་ཡོད། “གཏན་འཁེལ་གཉིས་”ནི་ང་ཚོས་དཀའ་ངལ་དང་འགལ་རྐྱེན་མཐའ་དག་ལས་རྣམ་པར་རྒྱལ་བ་དང་ངེས་གཏན་མེད་པའི་རང་བཞིན་ཐམས་ཅད་ལ་ཁ་གཏད་གཅོག་པའི་ངེས་གཏན་རང་བཞིན་ཆེ་ཤོས་དང་གདིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་ཞེས་བརྗོད་ཡོད།

དུས་བབ་གསར་པའི་འོག་དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབ་རྒྱུའི་ངོས་འཛིན་དང་མྱོང་ཚོར་གསར་པའི་སྐོར་ལ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག་“ངེས་པར་དུ་ལྔ་”བཏོན་ཡོད་པ་སྟེ། ངེས་པར་དུ་དཔལ་འབྱོར་གྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་། ངེས་པར་དུ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་བསྒྱུར་བཅོས་གསར་གཏོད་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་“ལྷུག་ཏུ་གཏོང་ཕོད་” ལ་“དམ་འཛིན་ཡག་པོ་ཐུབ་པ་”ཡང་བྱེད་པ། ངེས་པར་དུ་དངོས་པོའི་ཐད་མ་དངུལ་གཏོང་བ་དང་མིའི་ཐད་མ་དངུལ་གཏོང་བ་གཉིས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་རང་ངོས་སྦྱོང་བརྡར་བྱེད་པར་བརྟེན་ནས་ཕྱི་ཕྱོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་ཡིན།

ཚང་མས། “ངེས་པར་དུ་ལྔ་”ཡིས་དེ་སྔའི་དཔལ་འབྱོར་ལག་ལེན་ལ་གཏིང་ཟབ་ཅིང་གནད་ལ་འཕིགས་པའི་ཕྱོགས་བསྡོམས་བྱས་ཡོད་ལ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབ་རྒྱུར་བསམ་བློའི་ཁྲིད་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡང་བྱས་ཡོད་པའི་ངོས་འཛིན་བྱས་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་སིའི་སི་ཀྲང་ཀྲོའུ་ཁྲེན་གྱིས། ང་ཚོས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག “ངེས་པར་དུ་ལྔ་”དེ་དཔལ་འབྱོར་ལས་དོན་ལེགས་པར་སྒྲུབ་པའི་ཕན་འབྲས་དངོས་སུ་བསྒྱུར་ནས། རིགས་ཁག་གི་དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་མིན་པའི་སྲིད་ཇུས། གསོག་འབོར་སྲིད་ཇུས། འཕར་ཚད་སྲིད་ཇུས་བཅས་སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་ནང་འཇུག་རྒྱུ་ཡིན། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་དང་འབོར་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་རྒྱུ་ནོར་འགན་བཅོལ་ལྟ་སྐུལ་དོ་དམ་སིའི་སི་ཀྲང་དབྱིན་ཅང་ཨའོ་ཡིས། “ངེས་པར་དུ་ལྔ་”ཡི་ངོས་འཛིན་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔལ་འབྱོར་ཆོས་ཉིད་དང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་གཏིང་ཟབ་ཆུད་པ་མཚོན་ཡོད། དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ནི་སྤྱི་ཁོག་སྲིད་ཇུས་ཀྱི་བརྒྱུད་འདྲེན་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ངོས་ནས། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། འཁོར་ཡུན་ལྡོག་པ་དང་འཁོར་ཡུན་ལས་བརྒལ་བའི་སྙོམ་སྒྲིག་བེད་སྤྱོད་ཡག་པོ་བྱས་ཏེ། དངོས་པོའི་ཐད་མ་འཇོག་དང་མིའི་ཐད་མ་འཇོག་བྱ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་ཡོད།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་མཐུན་སྦྱོར་ཅུས་ཀྱི་ཅུས་ཀྲང་ཐའོ་ཆིང་གིས། གྲོས་ཚོགས་ཐོག་བཏོན་པའི་“ངེས་པར་དུ་ལྔ་”ནི་རང་རེའི་ཏང་གིས་དུས་རབས་གསར་པའི་དཔལ་འབྱོར་ལས་དོན་གྱི་ལག་ལེན་ཁྲོད་ཕྱོགས་བསྡོམས་བྱས་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཞིག་རེད། ང་ཚོས་སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་འཛིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་སྐྱོང་བྱས་ཏེ། བཟོ་ལས་ཀྱིས་སྤྱི་ཁོག་དཔལ་འབྱོར་གཞི་ཆེན་ཁྲོད་ཐོན་པའི་“གནོན་རྡོ་”ཡི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག་སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་བརྒྱད་བཀོད་སྒྲིག་བྱས་ཡོད། ཚང་མས་མགྲིན་གཅིག་ཏུ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་གཉིས་ཀ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་བབ་ལ་གནང་བའི་ཚན་རིག་དང་མཐུན་པའི་བརྡར་གཅོད་ཐོག་གཅིག་གྱུར་བྱས་ཐོག གྲོས་ཚོགས་ནང་བཏོན་པའི་སང་ལོའི་དཔལ་འབྱོར་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། བརྟན་ཐོག་ཡར་བརྩོན་དང་། སྤུས་ཚད་མཐོར་གཏོང་དང་ནུས་འབྲས་ཆེར་གཏོང་བྱས་ནས། ནུས་ཤུགས་ཡོད་རྒུས་སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་བྱས་ཏེ། སྤུས་མཐོའི་གོང་འཕེལ་གྱི་ཕན་འབྲས་དངོས་ལ་བརྟེན་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་འཛུགས་པའི་གོམ་པ་དང་པོ་ཡག་པོ་སྤོ་དགོས་ཞེས་བརྗོད་ཡོད། ཀྲུང་གོ་མི་དམངས་དངུལ་ཁང་ཡིད་རྟོན་དངུལ་བུན་ཁྲོམ་ར་སིའི་སི་ཀྲང་ཕོང་ལི་ཧྥེང་གིས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག སྔར་ལས་དགེ་མཚན་ལྡན་ལ་ནུས་འབྲས་ཐོན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་དགོས་ཞེས་བཏོན་ཡོད། ང་ཚོས་མུ་མཐུད་ནས་དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཐོག དངུལ་རྩའི་“དོན་ཆེན་ལྔ་”གཅིག་འགྱུར་འཆར་འགོད་ངང་ཡག་པོ་བསྒྲུབས་ནས། དངུལ་རྩའི་མཁོ་སྤྲོད་གྲུབ་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། དངུལ་རྩའི་ལས་ཁུངས་ནས་ནང་མཁོ་རྒྱ་སྐྱེད་དང་། ཚན་རྩལ་གསར་གཏོད། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་ཡག་པོ་འཛུགས་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཚོང་དོན་པུའི་ཕྱི་ཕྱོགས་ཉོ་ཚོང་སིའི་སི་ཀྲང་ཝང་ཀྲི་ཧྭ་ཡིས། ཚོང་དོན་པུས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཐོག ནུས་ཤུགས་ཡོད་རྒུས་ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ཀ་ལེགས་སུ་གཏོང་རྒྱུ་དང་ནུས་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། དངོས་ཟོག་ཉོ་ཚོང་ལེགས་སྒྲིག་རིམ་སྤོར། ཉོ་ཚོང་གྲངས་འཛིན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཉོ་ཚོང་དང་མ་འཇོག་གཞི་གཅིག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན། ཀྲུང་གོའི་གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་ར་འདི་ཉིད་འཛམ་གླིང་མཉམ་སྤྱོད་ཀྱི་ཁྲོམ་ར་ཆེན་པོར་བསྐྲུན་ཏེ། མུ་མཐུད་ནས་འཛམ་གླིང་རྒྱལ་ཁབ་ཁག་ལ་གོང་འཕེལ་གཏོང་བའི་གོ་སྐབས་སྔར་ལས་མང་བ་བསྐྲུན་རྒྱུ་ཡིན་ཞེས་བརྗོད་ཡོད།

རང་བྱུང་ཐོན་ཁུངས་པུའུ་ཕྱོགས་བསྡུས་སིའི་སི་ཀྲང་ཀུ་ཧྥུ་ཡིས། རང་བྱུང་ཐོན་ཁུངས་པུའུ་ཡིས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། རྒྱལ་ཁོངས་ས་ཆའི་བར་ཁམས་འཆར་འགོད་དང་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རང་བྱུང་ཐོན་ཁུངས་ཀྱི་ཆ་སྦྱོར་ལས་ཆོད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་པ། རི་ཆུ་ནགས་ཤིང་དང་མཚེའུ་རྩྭ་བྱེ་ས་བཅས་ལ་གཞི་གཅིག་ཏུ་སྲུང་སྐྱོང་དང་མ་ལག་ལྡན་པའི་སྒོ་ནས་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། ལས་དོན་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།༼ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།༽