མཛོད་དགེས“སེ་འབྲུ”ལས་གཞིའི་འཕྲོད་བསྟེན་བདེ་ཐང་བྱ་བཞག་ལ་སྐུལ་འདེད་བཏང་།

མང་ཚོགས་ལས་ཀ“སེ་འབྲུ”ལས་གཞིའི་འཕྲོད་བསྟེན་བདེ་ཐང་བྱ་བཞག་གི་བླང་བྱ་དོན་འཁྱོལ་བྱ་ཆེད། རྫོང་འཕྲོད་བསྟེན་ཅུས་ཀྱིས་རོང་འབྲོག་ས་ཁུལ་གྱི་དོན་དངོས་ལ་གཞིགས་ནས། རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་བར་དམིགས་ཏེ། བདེ་ཐང་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་ཕན་འབྲས་ལེགས་པོ་མངོན།

སྤྱི་ཟླ་11པ་ནས་བཟུང་རྫོང་འཕྲོད་བསྟེན་ཅུས་ཀྱིས“སྨན་བཅོས”དྲིལ་བསྒྲགས་མི་སྣ་བརྒྱུད་སྔ་རྗེས་སུ་ཆོས་རྗེས་ཡུལ་ཚོ་ནང་བ་སྡེ་པ་དང་དཔལ་སྐྱིད་སྡེ་པ། མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་། བཞག་སྡོམ་བོད་ཡིག་སློབ་འབྲིང་བཅས་ལ་ཕྱིན་ནས་དྲིལ་བསྒྲགས་བྱེད་སྒོ་ཐེངས་9སྤེལ། མང་ཚོགས་མི་ཐེངས་2000ལྷག་ལ་ཕན་བདེ་བསྐྲུན། སྒྲོག་འགྲེལ་པས་བདེ་ཐང་བརྟག་དཔྱད་ཀྱི་འབྲས་བུ་ལ་གཞིགས་ནས། མང་ཚོགས་ལ་འབྱུང་མང་བ་དང་འབྱུང་སླ་བའི་ནད་རིགས་ཏེ། དུས་ཚིགས་རང་བཞིན་གྱི་ཆམ་ནད་སོགས་རྒྱུན་མཐོང་གི་ནད་རིགས། འདུས་འདྲིལ་ནད་དང་ཨེ་ཙི་ནད་སོགས་འགོས་ནད་ཚབས་ཆེན་དང་ས་གནས་ཀྱི་ནད་རིགས་སྣ་ཚོགས་འགོག་བཅོས་ཀྱི་རྒྱུན་ཤེས་སྒྲོག་འགྲེལ་བྱས། ལས་གཉེར་བས་གོ་བསྐོན་བློ་འགུག་གི་ལམ་ནས་ནད་རིགས་འབྱུང་རྐྱེན་དང་མཆེད་ཐབས། ནད་རྟགས་སོགས་ལ་གསལ་འགྲེལ་ཞིབ་ཕྲ་བྱས། ཚན་རིག་དང་མཐུན་པའི་སྔོན་འགོག་བྱེད་ཐབས་དང་ཚད་ལྡན་གྱི་སྨན་བཅོས་བྱེད་ཐབས་གསལ་བཤད་བྱས་ནས། མང་ཚོགས་ཀྱི་བདེ་ཐང་སྐོར་གྱི་དོགས་གཞིར་འགྲེལ་ལན་བཏབ། རོང་འབྲོག་མང་ཚོགས་ལ“སྔོན་འགོག་གཙོ་བོར་འཛིན་པའི”བདེ་ཐང་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས་ཏེ། རང་ངོས་ནས་འགོག་སྲུང་གི་འདུ་ཤེས་དང་བདེ་ཐང་དོ་དམ་ནུས་པ་ཆེ་རུ་བཏང་།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽
