ཞི་ཅིན་ཕིང་གིས་ཐང་ཀའི་རྒྱལ་པོ་དང་མཇལ་འཕྲད་གནང་བ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་25ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཐང་ཀའི་རྒྱལ་པོ་ཐུའུ་ཕུའུ་ཁྲི་ཐོག་དྲུག་པ་དང་མཇལ་འཕྲད་གནང་བ་རེད།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་25ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མཛད་སྒོ་འཚོགས་ནས་ཐང་ཀ་རྒྱལ་ལྡན་རྒྱལ་ཁབ་ཀྱི་རྒྱལ་པོ་ཐུའུ་ཕུའུ་ཁྲི་ཐོག་དྲུག་པ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་ཡོད།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་ལུགས་མེ་སྒྱོགས་ཐེངས་21བརྒྱབ་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད།
ཐུའུ་ཕུའུ་ཁྲི་ཐོག་དྲུག་པར་ཀྲུང་གོར་འཚམས་འདྲིར་ཕེབས་རོགས་ཞུ་མཁན་གྲས་སུ་ཁོང་གི་བཙུན་མོ་དང་། འཕྲོད་བསྟེན་བློན་ཆེན། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་སོགས་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད།
དམག་དཔུང་རོལ་ཆ་ཚོགས་པས་ཐང་ཀྲུང་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད།
ཐུའུ་ཕུའུ་ཁྲི་ཐོག་དྲུག་པས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།
རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་རུ་སྟར་ལ་གཟིགས་ཡོད།
ཐུའུ་ཕུའུ་ཁྲི་ཐོག་དྲུག་པ་ནི་ཞི་ཅིན་ཕིང་གིས་གདན་ཞུ་གནང་བ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་ཞིག་རེད།
དགའ་བསུ་ཞུ་བའི་མཛད་སྒོ་ཚོགས་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་ཐུའུ་ཕུའུ་ཁྲི་ཐོག་དྲུག་པ་དང་མཇལ་འཕྲད་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཐང་ཀ་ནི་ཆར་རླུང་བརྒྱུད་པའི་དཀའ་སྡུག་མཉམ་མྱོང་གི་གྲོགས་པོ་ངོ་མ་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ཚུན། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་གཞི་གལ་ཆེན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཅིང་། དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས། སྤྱི་ཚོགས་ལམ་ལུགས་མི་འདྲ་བ་དང་རྒྱལ་ཁབ་ཆེ་ཆུང་མི་འདྲ་བའི་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་དཔེ་མཚོན་བཏོད་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཐང་ཀའི་ཡིད་རྟོན་རུང་བའི་རོགས་ཟླ་བཟང་པོ་ཞིག་ཡིན་པ་དང་། ཐང་ཀས་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་སྲུང་སྐྱོང་བྱེད་པར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐང་ཀའི་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཉོ་ཚོང་མ་འཇོག་དང་། ཞིང་ལས་ཉ་ལས། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ་གཙང་མ། སྨན་བཅོས་འཕྲོད་བསྟེན། ཡུལ་སྐོར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཐད་མཉམ་ལས་རྒྱ་ཆེར་སྤེལ་བ། སློབ་གསོ་དང་། ལུས་རྩལ། གཞོན་ནུ། སྨྱན་སྦྱོར། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་རྒྱ་ཆེར་གཏོང་བ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་སྒྲོམ་གཞིའི་ནང་མུ་མཐུད་དུ་ཐང་ཀའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བཅས་བྱེད་འདོད་ཡོད། ཐང་ཀའི་ལས་རིགས་ཁག་གི་མི་སྣ་ཀྲུང་གོར་ལྟ་སྐོར་དང་རྟོག་ཞིབ་བྱེད་པར་ཡོང་ནས་རྒྱལ་སྐྱོང་སྲིད་འཛིན་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་དང་ཀྲུང་གོར་ཁྱོན་ཡོངས་ནས་ཤེས་རྟོགས་ཟབ་ཏུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་གོའི་འབྱུང་འགྱུར་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཐོག སྔར་ལས་ལྷག་པའི་ངང་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བ། འཛམ་གླིང་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་བཏོན་པ་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་དང་ཞི་བདེ་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཐང་ཀ་དང་མཉམ་དུ་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལག་ལེན་བསྟར་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་དང་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་གཏོད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
ཐུའུ་ཕུའུ་ཁྲི་ཐོག་དྲུག་པས། ཐང་ཀ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཀྲུང་གོས་དུས་ཡུན་རིང་པོའི་ནང་ཐང་ཀའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐང་ཀས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་ཞུ་བཞིན་ཡོད་ཅིང་། རྣམ་པ་གང་རུང་གི་“ཐའེ་ཝན་རང་བཙན་”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཐང་ཀ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཉོ་ཚོང་དང་། ཞིང་ལས། ནུས་རྒྱུ་གཙང་མ། སློབ་གསོ། སྨན་བཅོས། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་སྤེལ་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོར་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་ཐང་ཀ་ཕྱོགས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ལེགས་འགྲུབ་ལྡན་པའི་ཉམས་མྱོང་སློབ་སྦྱོང་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལ་ཐང་ཀས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་རོགས་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད་ཅེས་གསུངས་པ་རེད།
འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐང་ཀ་རྒྱལ་ལྡན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་》སྤེལ་ཡོད།
མཇལ་འཕྲད་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དཔལ་འབྱོར་ཉོ་ཚོང་དང་། སྨན་བཅོས། སློབ་གསོ། འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད།
ཉིན་དེ་གའི་ཉིན་གུང་། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ནས་ཐུའུ་ཕུའུ་ཁྲི་ཐོག་དྲུག་པ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།༼ཡིག་སྒྱུར། རིན་ཆེན་དབང་འདུས།༽
