བྱམས་མེ་གྲོང་རྡལ་ཧུ་ར་སྡེ་པས་2025ལོའི་གཞུང་གཉེར་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བའི་ཚོགས་ཆེན་འཚོགས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༡ ཚེས་ ༢༦

ཉེ་ཆར། བྱམས་མེ་གྲོང་རྡལ་ཧུ་ར་སྡེ་པས་2025ལོའི་གཞུང་གཉེར་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བའི་ཚོགས་ཆེན་འཚོགས་པ་དང་། སྡེ་མི་རྣམས་གནས་དེར་མཉམ་དུ་འཛོམས་ནས་ལོ་ངོ་གཅིག་གི་གཞུང་གཉེར་དཔལ་འབྱོར་གྱི་གཡུར་ཟའི་གྲུབ་འབྲས་མཉམ་སྤྱོད་བྱས།

ལས་དོན་མི་སྣའི་ཁྲིད་སྟོན་འོག །སྡེ་མི་རྣམས་ཀྱིས་རིམ་པ་བཞིན་ཐོབ་ཐང་ཞིབ་བསྡུར་དང་མིང་ཐོ་བཀོད་པ། མཛུབ་རིས་བསྣན་པ། འཚམས་འདྲིའི་དངོས་ཟོག་དང་ཁེ་དངུལ་བླངས། ཤོག་སྒོར་གསར་རྐྱང་བཟུང་བའི་སྡེ་མི་རྣམས་ཀྱི་གདོང་ལ་དགའ་སྤྲོའི་འཛུམ་མདངས་མངོན།

རྒྱུས་ལོན་པ་ལྟར་ན། 2025ལོར་ཧུ་ར་སྡེ་པའི་གཞུང་གཉེར་དཔལ་འབྱོར་གྱིས་སྡེ་མི་1064ལ་མི་རེར་སྨན་བཅོས་འགན་བཅོལ་གསབ་དངུལ་སྒོར་100རེ་སྤྲད། དབུལ་སྒྲོལ་དུད་ཚང་46དང་བལྟོས་བཅས་ཀྱི་དཀའ་ངལ་ཆེ་བའི་དུད་ཚང་46ལ་སྒོར་500ཡི་ཕྱེ་འབྲས་དང་འབྲུ་སྣུམ་སོགས་འཚོ་བའི་དངོས་ཟོག་བྱིན། སྡེ་པ་ཡོངས་ཀྱི་ལོ་80ཡན་གྱི་ལོ་ལོན་21ལ་མི་རེར་འཚམས་འདྲི་རོགས་དངུལ་སྒོར་200རེ་བྱིན། སྡེ་པའི་ཚོ་ཆུང་གི་ཚོགས་གཙོ་7ལ་མི་རེར་འཚམས་འདྲིའི་རོགས་དངུལ་སྒོར་500བྱིན་ནས་ཁོ་ཚོས་གཞི་རིམ་བཅོས་སྐྱོང་ཁྲོད་དཀའ་སྤྱད་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས། “ལོ་མཇུག་གི་ལེགས་སྐྱེས”འདིས་སྡེ་མི་ཚོའི་སེམས་ལ་དྲོ་ཁོལ་སྦྱིན་པར་མ་ཟད། ཏང་རྩ་འཛུགས་ཀྱིས་མང་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐུལ་ཁྲིད་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་བཏང་།༼བཀྲ་ཤིས་ལྷ་མོས་བྲིས།༽