ཝང་ཞའོ་ཧུའེ་ཡིས་༼བདེན་འཚོལ་༽དུས་དེབ་ཐོག་མཚན་བཀོད་རྩོམ་ཡིག་སྤེལ།
ཟླ་༡༡་ཚེས་༡༦ཉིན། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཞའོ་ཧུའེ་ཡིས《བདེན་འཚོལ》དུས་དེབ་ཐོག་ཁ་བྱང་ལ་《མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་》ཞེས་པའི་མཚན་བཀོད་རྩོམ་ཡིག་སྤེལ་ཡོད། རྩོམ་ཡིག་ཆ་ཚང་གཤམ་གསལ་ལྟར།

མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་།
ཝང་ཞའོ་ཧུའེ།
མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་གནད་དང་། མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་གནད་དུ་བརྩིས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། མི་རིགས་ས་ཁུལ་གྱིས་རྒྱལ་ཡོངས་དང་མཉམ་དུ་དབུལ་བྲལ་འགག་སྒྲོལ་གྱི་བྱ་གཞག་ལ་རྒྱལ་ཁ་ཐོབ་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པའི་ཐོག་བསྐྱོད་པར་སྐུལ་འདེད་བཏང་སྟེ། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་ཐོག མ་འོངས་པའི་ལོ་ལྔའི་རིང་གི་བརྗིད་ཉམས་ལྡན་པའི་འཆར་གཞི་བཀོད་པ་སྟེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་འདུས་སྟོབས་ཤུགས་དང་ཀྲུང་ཧྭ་རིག་གནས་ཀྱི་ཤུགས་རྐྱེན་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་སོགས་དམིགས་འབེན་གཙོ་བོ་བཏོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཟོས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
གཅིག
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་བཞག་ནས་ཇུས་འགོད་དང་སྐུལ་འདེད་བཏང་བ་དང་། ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་བ་དང་། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བྱས་ཏེ། ཏང་གི་མི་རིགས་ལས་དོན་ལ་ཁ་ཕྱོགས་སྟོན་པ་དང་། ལས་འགན་གསལ་བ། བླང་བྱ་བཏོན་པ་བཅས་བྱས་པས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཆགས་པ་རེད། བསམ་བློ་གལ་ཆེན་འདི་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ལས་བྱུང་བ་དང་། རང་རྒྱལ་གྱི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྩ་བ་ཚུགས་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ས་ཞིང་གཤིན་པོར་རྐང་ཚུགས་པ། ཏང་གི་ལོ་བརྒྱ་རིང་གི་མི་རིགས་ལས་དོན་གྱི་ལག་ལེན་དུ་འཕེལ་རྒྱས་བྱུང་བ་བཅས་ཡིན། རིགས་པའི་གཞུང་ལུགས་དང་ལག་ལེན་དང་། ལོ་རྒྱུས་དང་དོན་དངོས། རྒྱལ་ནང་དང་རྒྱལ་སྤྱི་ཟུང་འབྲེལ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་དར་ཆ་གང་ཞིག་བསྒྲེང་པ་དང་། ལམ་གང་དུ་བསྐྱོད་དགོས་པ་སོགས་ཀྱི་རྩ་བའི་གནད་དོན་ལ་ལན་གཏིང་ཟབ་བཏབ་ཡོད་པས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལེགས་པར་སྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན།
མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཡིན། བསམ་བློ་གལ་ཆེན་འདིའི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་། དགོས་ངེས་བཅུ་གཉིས་ཞེས་པའི་ཐོག་ནས་གཅིག་བསྡུས་ཀྱིས་མཚོན་ཡོད། དགོས་ངེས་བཅུ་གཉིས་འདིས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་། ལས་འགན་གལ་ཆེན། ལས་ཀའི་གཙོ་རིམ། ལམ་ལུགས་འགན་སྲུང་། མངོན་འགྱུར་བྱེད་སྟངས། འགོ་ཁྲིད་སྟོབས་ཤུགས་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་བྱས་ཡོད་པས། དེ་ནི་མ་ལག་ཁྱོན་ཡོངས་དང་གཏན་ཚིགས་དམ་ཟབ་ལྡན་པའི་གཞུང་ལུགས་ཧྲིལ་པོ་ཞིག་ཡིན། དགོས་ངེས་བཅུ་གཉིས་གྱིས་རང་རྒྱལ་གྱི་ལོ་རྒྱུས་ཐོག་གི་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པའི་ཉམས་མྱོང་རྩ་ཆེན་ཕྱོགས་བསྡོམས་བྱས་ཡོད་ལ། འཛམ་གླིང་ཁྱབ་ཁོངས་ནང་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཉམས་མྱོང་དང་བསླབ་བྱ་ཡང་དཔྱད་གཞིར་འཛིན་པ་དང་། ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་བརྟན་ལྷིང་དང་འབྲེལ་མཐུད་རྒྱུན་འཁྱོངས་བྱས་ཡོད་ལ། མི་རིགས་ཀྱི་ལས་ཀའི་གནས་བབ་དང་ལས་འགན་འཕེལ་རྒྱས་དང་འགྱུར་ལྡོག་ལ་གཞིགས་ནས་དུས་བསྟུན་གྱི་མདུན་སྐྱོད་ཀྱང་བྱས་ཡོད། དེ་ནི་མི་རིགས་གནད་དོན་ལ་ལྟ་ཞིབ་བྱེད་པའི་ཤེས་རྟོགས་སྨྲ་བ་ཡིན་ལ། མི་རིགས་ལས་དོན་ལེགས་པར་སྒྲུབ་པའི་བརྟག་ཐབས་སྨྲ་བ་ཡང་ཡིན་པས། ང་ཚོའི་ཏང་གིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་འགྱུར་གྱི་ཆོས་ཉིད་དང་། མི་རིགས་ལས་འགུལ་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དང་། དེང་རབས་རྒྱལ་ཁབ་འཛུགས་སྐྲུན་གྱི་ཆོས་ཉིད་བཅས་ལ་ངོས་འཛིན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་ཕུལ་དུ་བྱུང་བའི་ཆབ་སྲིད་བློ་གྲོས་དང་། གཏིང་ཟབ་པའི་འཐབ་ཇུས་ཀྱི་བསམ་གཞིགས། མཐོང་རྒྱ་ཆེ་བའི་རྣམ་པ་བཅས་གསལ་སྟོན་གང་ལེགས་བྱས་ཡོད། ངེས་པར་དུ་དེའི་ནང་འདུས་པའི་མར་ཁེ་སི་རིང་ལུགས་ཀྱི་གནས་ལུགས་དང་། རིག་སྲོལ། མཚན་ཉིད་རིག་པ། ལངས་ཕྱོགས། ལྟ་བ། ཐབས་ཤེས་བཅས་ཁོང་དུ་ཆུད་ནས་ཤེས་རྟོགས་གཏིང་ཟབ་དང་གཅིག་གྱུར་ཡོང་བར་འབད་བརྩོན་བྱ་དགོས།
ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་ཏུ་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་རྒྱུས་རིག་གནས་དང་མི་རིགས་འཕེལ་རྒྱས་ཆོས་ཉིད་ཁོང་དུ་ཆུད་ནས་བཏོན་པའི་གསར་གཏོད་རང་བཞིན་གྱི་ཆོད་ཚིག་གལ་ཆེན་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་ལྟེ་བའི་དོན་སྙིང་ཡང་ཡིན་ལ། ཏང་གི་མི་རིགས་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་ཆབ་སྲིད་ཀྱི་གཙོ་ཐིག་དང་ཆབ་སྲིད་ཀྱི་ཚད་གཞི་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་༢༠༢༤ལོའི་ཟླ་དགུ་པར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་མི་རིགས་ཁག་གི་ཁྲག་རྒྱུད་མཉམ་འདྲེས་དང་། དད་སེམས་འདྲ་བ། རིག་གནས་འབྲེལ་བ། དཔལ་འབྱོར་ཕན་ཚུན་བརྟེན་པ། བརྩེ་དུང་ཕན་ཚུན་འབྲེལ་འདྲིས་བཅས་ཕྱོགས་ལྔའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འབྱུང་ཁུངས་དང་རྒྱུན་ཐག། རྩ་བ་དང་དོན་སྙིང་བཅས་གོ་རིམ་ལྡན་པའི་སྒོ་ནས་གསལ་བཤད་བྱས་ཡོད་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་གྲུབ་ཚུལ་དང་འཕེལ་རྒྱས་ནི་མི་སེམས་ཀྱི་ཁ་ཕྱོགས་དང་། དུས་ཀྱི་འཕེལནཕྱོགས། ལོ་རྒྱུས་ཀྱི་ལྡོག་མེད་བཅས་ཡིན་པ་གསལ་བཤད་གཏིང་ཟབ་བྱས་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་བ་དང་འཕེལ་རྒྱས་བཏང་བ་དེས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་གཅིག་གྱུར་གྱི་མི་རིགས་མང་བའི་ཀྲུང་གོ་ལྟ་བུའི་རྒྱལ་ཁབ་ཅིག་ཏུ་ཇི་ལྟར་བྱས་ནས་མི་རིགས་ཁག་གི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཇི་ལྟར་བྱས་ནས་རྒྱལ་ནང་གི་མི་རིགས་གནད་དོན་ཐག་གཅོད་ནུས་ལྡན་བྱེད་རྒྱུ། ཇི་ལྟར་བྱས་ནས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་བྱས་ནས་ཀྲུང་གོའི་ལུགསནཀྱི་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུ་སོགས་དུས་རབས་ཀྱི་བརྗོད་གཞི་ལ་ལན་འདེབས་པ་དང་། ང་ཚོས་བགྲོད་ལམ་གསར་པའི་ཐོག་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་དུས་རབས་ཀྱི་དྲི་བར་ལན་འདེབས་རྒྱུ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བར་དོ་ཁུར་ཧ་ཅང་ཆེན་པོ་བྱས་ཏེ། རྟོག་ཞིབ་དང་བརྟག་དཔྱད་བྱེད་ཡུལ་ཚང་མར་འཕེལ་རྒྱས་ཀྱི་གནད་འགག་གནད་ལ་འཁེལ་བའི་སྒོ་ནས་འཛིན་པ་དང་། མང་ཚོགས་ཀྱི་བདེ་སྡུག་ལ་བརྟག་ཞིབ་ཟབ་མོ་བྱས་ཏེ། མི་རིགས་ས་ཁུལ་ཁག་དང་མི་རིགས་མི་འདྲ་བའི་དོན་དངོས་བྱེ་བྲག་ལ་དམིགས་ནས་མཛུབ་སྟོན་དང་བླང་བྱ་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གླེང་སྐབས། མི་རིགས་ས་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་ཞིང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བསྒྱུར་བཅོས་སྒོ་འབྱེད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་བྱས། མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུའི་སྐོར་གླེང་སྐབས། མི་རིགས་ལྔ་བཅུ་ང་དྲུག་གཅིག་སྒྲིལ་བྱས་པ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ཞེས་ནན་གསུང་གནང་། མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུའི་སྐོར་གླེང་སྐབས། མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚང་མ་ནི་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པ་དང་། ཀྲུང་ཧྭ་རིག་གནས་ནི་གཙོ་རྐང་ཡིན་པ་དང་། མི་རིགས་ཁག་གི་རིག་གནས་ནི་ཡལ་ག་དང་ལོ་མ་ལྟར་ཡིན་པས། རྩ་བ་བརྟན་ཞིང་ཡལ་འདབ་རྒྱས་ན་ད་གཟོད་ཡལ་ག་དང་ལོ་མ་རྒྱས་པ་ཡིན་ཞེས་ནན་གསུང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་སི་ཁྲོན་གྱི་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་སི་ཁྲོན་དུ་རྟོག་ཞིབ་ཐེངས་མང་གནང་བ་དང་། ལིའང་ཧྲན་ཁུལ་དང་རྔ་བ་ཁུལ་སོགས་སུ་ཟབ་ཞུགས་མཛད་དེ། དབུལ་བྲལ་འགག་སྒྲོལ་དང་གནོད་རྗེས་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་གནང་པ་མ་ཟད། བརྙན་འཕྲིན་སྦྲེལ་མཐུད་བརྒྱུད་མེན་དབྱང་པེ་ཁྲོན་ཆའང་རིགས་རང་སྐྱོང་རྫོང་ཧྲི་དབྱི་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ལ་ཆེད་མངགས་འཚམས་འདྲི་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ། ང་ཚོས་སྤྱི་ཚོགས་རིང་ལུགས་ལག་བསྟར་བྱས་དོན་ནི་མི་རིགས་ཁག་གི་མི་དམངས་ཚང་མར་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་རོལ་དུ་འཇུག་དགོས་ཞེས་ནན་གསུང་གནང་བ་དང་། ལྷག་པར་དུ་ཕྱོགས་ཡོངས་འབྱོར་འབྲིང་གི་ལམ་དུ་མི་རིགས་སོ་སོ་དང་ཁྱིམ་ཚང་རེ་རེ་བརྗེད་མི་རུང་ཞེས་ནན་གསུང་གནང་སྟེ། འཕེལ་རྒྱས་དམ་འཛིན་དང་བརྟན་ལྷིང་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་བཏང་སྟེ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། མཛུབ་སྟོན་གལ་ཆེན་དེ་དག་ནི་སི་ཁྲོན་མི་རིགས་ལས་དོན་ལ་ཆེས་ཐད་ཀར་དང་ཆེས་ནུས་ལྡན་གྱི་མཛུབ་སྟོན་ཞིག་ཡིན་ལ། སི་ཁྲོན་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་བརྩི་སྲུང་འདོན་སྤྲོད་གནང་ཡོད།
གཉིས།
སི་ཁྲོན་ནི་མི་རིགས་མང་བའི་ཞིང་ཆེན་ཞིག་ཡིན་ཞིང་། མི་རིགས་༥༦གི་གྲུབ་ཆ་ཆ་ཚང་ཡིན་པ་དང་། རྒྱ་དང་དབྱིས། བོད་དང་ཆའང་སོགས་མི་རིགས་༡༥དུས་གཏན་དུ་འཚོ་བ་སྐྱེལ་བཞིན་ཡོད། རྒྱལ་ཡོངས་ཀྱི་དབྱིས་རིགས་འདུས་སྡོད་ཁུལ་ཆེ་ཤོས་དང་། བོད་རིགས་འདུས་སྡོད་ཁུལ་ཆེ་ཤོས་གཉིས་པ། ཆའང་རིགས་འདུས་སྡོད་ཁུལ་གཅིག་པུ་བཅས་ཡིན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། སི་ཁྲོན་གྱི་མི་རིགས་ཁག་གི་མང་ཚོགས་སྔ་མོ་ནས་སྐྱིད་སྡུག་མཉམ་རོལ་དང་གཟི་བརྗིད་མཉམ་རོལ་གྱི་ཐུན་མོང་ལས་དབང་གི་སྒྲིག་གཞི་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་དུས་རབས་གསར་པར་སླེབས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་བྱམས་བརྩེའི་ཐུགས་ཁུར་འོག ང་ཚོས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ། 《ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》ཞིབ་འཇུག་གཏན་འབེབས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་དང་། རྒྱུན་རིང་དམིགས་འབེན་རྩ་གནད་ནང་བཅུག་ནས་མི་རིགས་ས་ཁུལ་རང་འགུལ་ངང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་ཁྱོན་ཡོངས་སུ་འདྲེས་པར་སྐུལ་འདེད་བཏང་སྟེ། མི་རིགས་ས་ཁུལ་གྱི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་གི་རྨང་གཞི་སྟོབས་ཆེའི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ཏེ། མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་ལུགས་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་སྟེ། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་མངོན་སུམ་དོད་པོ་དང་ནུས་ལྡན་ངང་སྐུལ་འདེད་བཏང་སྟེ། བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། སི་ཁྲོན་གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་། མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ་བཅས་ལ་འགྱུར་ལྡོག་ཆེན་པོ་གསར་པ་བྱུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་མུ་མཐུད་དུ་འབྲི་བཞིན་ཡོད།
སི་ཁྲོན་གྱི་མི་རིགས་ཁག་གི་མང་ཚོགས་དེ་གར་མི་རབས་ནས་མི་རབས་བར་བདེ་སྡོད་བྱས་པས་ཁྲག་རྒྱུད་མཉམ་འདྲེས་ཀྱི་ལོ་རྒྱུས་ཀྱི་རྟགས་མཚན་བཀོད་ཡོད། རྡོ་ཆས་རྙིང་པའི་དུས་རབས་སུ་སི་ཁྲོན་གྱི་མེས་པོ་རྣམས་ས་གཞི་འདིའི་སྟེང་དུ་འཚོ་གནས་དང་སྐྱེ་འཕེལ་བྱུང་བ་སྟེ། ཏི་ཆང་ལྷོ་ཕྱོགས་སུ་བསྐྱོད་པ་དང་། ཕུའུ་ཡུའེ་བྱང་ཕྱོགས་སུ་བསྐྱོད་པ། ཧུའུ་ཀོང་ས་ཁུལ་གྱི་མི་སི་ཁྲོན་ཐོན་པ། འཇར་འགོག་དམག་འཁྲུག་གི་རྒྱབ་ཕྱོགས་ཆེན་པོ། འཐབ་ཕྱོགས་གསུམ་པའི་འཛུགས་སྐྲུན། ནུབ་རྒྱུད་གསར་སྦོལ་ཆེན་པོ་སོགས་ཀྱིས་སི་ཁྲོན་ནི་རྒྱལ་ཡོངས་ཀྱི་མི་རིགས་མང་པོའི་འབྲེལ་འདྲིས་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཏེ། མི་རིགས་ཁག་མི་རབས་ནས་མི་རབས་བར་ཕན་ཚུན་འབྲེལ་འདྲིས་དང་མཉམ་འདྲེས་བྱས་ནས། ཁྲག་རྒྱུད་དང་གཉེན་ཉེའི་འབྲེལ་བ་ཁྲི་སྟོང་མང་པོ་བཙུགས་ཡོད། ད་ལྟའི་སི་ཁྲོན་དུ་མི་རིགས་ཁག་གི་ཕན་ཚུན་ཟུང་འཇུག་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་མགྱོགས་མྱུར་ངང་འཛུགས་བཞིན་ཡོད། མི་རིགས་ས་ཁུལ་དང་མི་རིགས་ས་ཁོངས་མིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རིགས་ཁག་གི་མང་ཚོགས་ཕྱོགས་གཉིས་སུ་འཁོར་སྐྱོད་བྱེད་པར་གོ་རིམ་ལྡན་པའི་སྐུལ་འདེད་གཏོང་བཞིན་ཡོད། ཚང་མས་ཁྱོད་ཀྱི་ཁྲོད་དུ་ང་ཡོད་པ་དང་ངའི་ཁྲོད་དུ་ཁྱོད་ཡོད་པས། གྲོགས་པོ་སྙིང་ཉེ་དང་། ཁྱིམ་མཚེས་འཆམ་མཐུན་བྱེད་ཐུབ་པ། གཉེན་སྒྲིག་བདེ་སྐྱིད་ལྡན་པ། སེ་འབྲུ་ལྟར་དམ་པོར་འཐམ་ཡོད།
སི་ཁྲོན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་གནས་འདིར་མཐུན་སྒྲིལ་འབད་འཐབ་བྱས་ཏེ་འདུ་ཤེས་གཅིག་མཚུངས་ཡིན་པའི་བསམ་བློའི་རྨང་གཞི་གསོ་སྐྱོང་བྱས་ཡོད། ཏ་ཡུས་དང་ལེ་ཙུའུ་སོགས་མེས་པོ་རྣམས་ཀྱིས་པ་ཧྲུའུ་ཡི་ས་གཞི་ཆེན་པོར་དཀའ་སྤྱད་འབད་བརྩོན་བྱས་པ་ནས། ཆིན་རྒྱལ་ཁབ་ཀྱིས་ཧྲུའུ་ཅུན་བཙུགས་པ་དང་ཧན་གྱིས་ལྷོ་ནུབ་དབྱི་ཡི་ཆབ་སྲིད་ལག་ལེན་བརྒྱུད། སི་ཁྲོན་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ལ་སེམས་ཁུར་དང་ཀྲུང་ཧྭ་ཐུན་མོང་སྲུང་སྐྱོང་བྱས་ནས། གནམ་འོག་གཅིག་གྱུར་ཡོང་བའི་བསམ་བློའི་ཐུན་མོང་གི་ངོས་འཛིན་ཆགས་པ་རེད། ཉལ་ཐ་དམག་འཁྲུག་གི་བོད་ཆའང་དམག་དཔུང་ཀྲེ་ཅང་ལ་རོགས་སྐྱོར་བྱས་ནས། དབྱིན་ཇིར་འགོག་རྒོལ་བྱེད་པ་ནས་བོད་ཆའང་མང་ཚོགས་ཀྱིས་ནོར་གནག་གསར་བརྗེ་ལ་བརྟེན་ནས་དམར་དམག་བྱང་ཕྱོགས་སུ་རོགས་སྐྱོར་བྱེད་པ་དང་། དེ་ནས་སི་ཁྲོན་དམག་དཔུང་གི་དམག་མི་སི་ཁྲོན་ནས་འཇར་པན་བཙན་འཛུལ་པར་འགོག་རྒོལ་བྱེད་པ་དང་། སི་ཁྲོན་ནས་སྐྱེས་པའི་མེ་འགོག་ཁྲའོ་རོགས་ཀྱི་འཐབ་འཛིང་པ་ཁྲི་༡༠ཡ་ལུའུ་ཅང་གཙང་པོ་བརྒལ་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་རྒྱལ་སྲུང་དང་གཅིག་གྱུར་སྲུང་སྐྱོང་བྱེད་པའི་དཔའ་བོའི་ལོ་རྒྱུས་སྙན་ངག་ཅིག་བྲིས་ཡོད། ད་ལྟའི་སི་ཁྲོན་དུ་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་འཛིན་པའི་མི་རིགས་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་འཛུགས་པ་དེ་ལས་བྱེད་པའི་སློབ་གསོ་དང་། རྒྱལ་དམངས་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་མངའ་ཁུངས་ཁ་བྲལ་མི་རུང་དང་། རྒྱལ་ཁབ་ཟང་ཟིང་དུ་གཏོང་མི་རུང་། མི་རིགས་ཁ་ཐོར་དུ་གཏོང་མི་རུང་། ཤེས་རིག་རྒྱུན་ཐག་ཆད་མི་རུང་བཅས་ཀྱི་ཐུན་མོང་གི་དད་སེམས་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཏུ་ཟུག་པ་དང་ཇེ་བརྟན་ནས་ཇེ་བརྟན་དུ་གྱུར་ཡོད།
སི་ཁྲོན་གྱི་མི་རིགས་ཁག་གི་མང་ཚོགས་འདི་གར་སྤེལ་རེས་མཉམ་འདྲེས་བྱས་ཏེ་རིག་གནས་འབྲེལ་བའི་ལེའུ་མཛེས་སྡུག་ལྡན་པ་བྲིས་ཡོད། གནའ་བོའི་ཧྲུའུ་ཡི་ཤེས་རིག་གཟི་བརྗིད་ལྡན་པ་དང་། པ་ཧྲུའུ་རིག་གནས་དང་ཆི་ལུའུ་རིག་གནས། ཅིན་གསུམ་རིག་གནས་སོགས་ཕན་ཚུན་འོད་འཚེར་ཞིང་ལོ་ངོ་སྟོང་རིང་རྒྱུན་འཛིན་བྱས། སན་ཞིན་ཏུའེ་དང་ཅིན་ཧྲ་རྗེས་ཤུལ་སོགས་ཀྱི་ཤུལ་བཞག་གྲངས་མེད་པ། གེ་སར་རྒྱལ་པོའི་སྒྲུང་དང་། མེའོ་རིགས་ཀྱི་གནའ་བོའི་གླུ་གཞས། དར་མདོའི་མཛའ་གཞས་སོགས་རྒྱུན་ཆད་པ་མེད། ཙི་ཀུང་ལྒང་ཞུའི་འདུ་ཚོགས་དང་། དབྱི་རིགས་ཀྱི་མེ་ཕུང་དུས་ཆེན། ཟུང་ཆུའི་གློག་མཆོད་དུས་ཆེན་སོགས་ཚོན་མདོག་རྣམ་པར་བཀྲ། ད་ལྟའི་སི་ཁྲོན་དུ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་འཕེལ་རྒྱས་གཏིང་ཟབ་ངང་སྐུལ་འདེད་བཏང་བ། མི་རིགས་ཁག་གི་རིག་གནས་མཉམ་འདྲེས་དང་ཕན་ཚུན་སློབ་སྦྱོང་དང་འཆམ་མཐུན་མཉམ་གནས་བཅས་བྱས་པས། གནའ་བོའི་པ་ཧྲུའུ་རིག་གནས་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་གསོན་ཤུགས་གསར་པ་མངོན་ཡོད།
སི་ཁྲོན་གྱི་མི་རིགས་ཁག་གི་མང་ཚོགས་འདི་གར་ལག་གདང་སྦྲེལ་ནས་ཐུན་མོང་དར་རྒྱས་བྱུང་བས་དཔལ་འབྱོར་ཕན་ཚུན་བརྟེན་པའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པ་རེད། དར་གོས་ཚོང་ལམ་དང་། སི་ཁྲོན་ཚྭ་འདྲེན་གནའ་ལམ། ཇ་འདྲེན་གདལ་ལམ་སོགས་སི་ཁྲོན་ནང་ཁུལ་དང་སི་ཁྲོན་ཕྱི་ཕྱོགས་དབར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་སྦྲེལ་མཐུད་བྱེད་ཀྱི་ཡོད་པས་མི་རིགས་ཁག་གིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་སྤེལ་རེས་དང་གཉིས་ཕན་མཉམ་རྒྱལ་གྱི་དཔལ་འབྱོར་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། ཐུན་མོང་འཚོ་བ་སྐྱེལ་ཐུབ་པ་མ་ཟད། ཐུན་མོང་འཕེལ་རྒྱས་ཀྱང་ཡོང་གི་ཡོད་པ་རེད། ད་ལྟའི་སི་ཁྲོན་དུ་ཞིང་ཆེན་ཡོངས་ཀྱི་མི་རིགས་རང་སྐྱོང་ས་གནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་༣༩༡༣.༤ཟིན་པ་དང་། འགྱུར་མེད་རིན་གོང་ལྟར་བརྩིས་ན་ལོ་ལྔའི་གོང་ལས་༣༡.༩%འཕར་ཡོད། གེ་སར་གནམ་ཐང་བསྐྲུན་ནས་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་དང་། གཡག་དར་མྱུར་བགྲོད་གཞུང་ལམ་དང་ཝུན་འབར་མྱུར་བགྲོད་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ། དབྱིས་རིགས་ས་ཁུལ་མེ་ཀུའུ་ནས་ཀྲའོ་ཅུའེ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རླངས་འཁོར་ཤར་གཏོང་ཐུབ་པས། ལེའང་ཧྲན་ཁུལ་དང་རྔ་བ་ཁུལ་ལ་མྱུར་བགྲོད་གཞུང་ལམ་མེད་པའི་དུས་རབས་མཇུག་བསྒྲིལ་བ་དང་། མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་ཕྱིན་ནས། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།
སི་ཁྲོན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་འདི་གར་ཕན་ཚུན་རོགས་རེས་བྱས་ཏེ་བརྩེ་དུང་གི་འབྲེལ་འདྲིས་ཞེས་པའི་སེམས་ཀྱི་འབྲེལ་ཐག་བཙུགས་ཡོད། དཔལ་འབྱོར་ཐད་ཕན་ཚུན་འགྲོ་འོང་དང་། འཚོ་བའི་ཁྲོད་ཕན་ཚུན་བརྟེན་པ། གནོད་འཚེ་ཕོག་སྐབས་ཕན་ཚུན་རོགས་རམ་བཅས་བྱས་པ་དེས་སི་ཁྲོན་མི་རིགས་ཁག་གི་བུ་ཕྲུག་ཁྱིམ་ཚང་གཅིག་གི་ལོ་རྒྱུས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། དུས་རབས་གསར་པར་སླེབས་སྐབས། དབུལ་བྲལ་འགག་སྒྲོལ་གྱི་མི་རིགས་གཅིག་ཀྱང་ལུས་མི་རུང་བ་ཡིན་ནའང་འདྲ། ཡང་ན་ཐུན་མོང་ཕྱུག་འགྱུར་གྱི་མི་རིགས་ས་ཁུལ་རྗེས་ལུས་མི་རུང་བ་ཡིན་ནའང་འདྲ། མི་རིགས་ཁག་གི་མང་ཚོགས་ཐོག་མཐའ་བར་གསུམ་དུ་ལག་གདང་སྦྲེལ་ནས་འགྲོ་བཞིན་ཡོད། ལྷག་པར་དུ་༥·༡༢ཝུན་ཁྲོན་ས་འགུལ་ཆེན་པོ་དང་། ༤·༢༠ལུའུ་ཧྲན་ས་འགུལ། ༨·༨ཅིའུ་ཀྲའེ་ཀོའུ་ས་འགུལ་སོགས་རང་བྱུང་གནོད་འཚེ་ཚབས་ཆེན་གྱི་མདུན་དུ། ཚང་མས་དེ་བས་ཀྱང་བློ་སྟོབས་གཅིག་གྱུར་གྱིས་དཀའ་ངལ་ཐུན་མོང་ཐོག་སེལ་བཞིན་ཡོད། ད་ལྟའི་སི་ཁྲོན་དུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་(ཚན་པ)༨༩བསྐྲུན་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚོགས་པ་༡༨༡དང་། དཔེ་བཟང་མི་སྒེར་༢༤༡གསོ་སྐྱོང་བྱས་པས། མི་རིགས་ཁག་གི་མང་ཚོགས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བཟོད་སྒོམ་བྱེད་པ་དང་། འདྲ་མཉམ་མཐུན་སྒྲིལ་རོགས་རེས་འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་འགྲོ་བཞིན་ཡོད།
སི་ཁྲོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བའི་གསོན་ཉམས་ལྡན་པའི་ལག་ལེན་ལས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་ཁེ་ཕན་མཐོ་ཤོས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ནི་རྦད་དེ་ཡང་དག་པ་ཡིན་པ་དང་། རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ནི་ནམ་ཡང་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་ཆེས་གཏིང་ཟབ་དང་ཡུན་རིང་གི་བརྩེ་དུང་གི་འབྲེལ་བ་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད། མ་འོངས་ལ་ཁ་ཕྱོགས་ནས་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་གྱི་དོན་སྙིང་གལ་ཆེན་དང་། ནང་དོན་ཕུན་སུམ་ཚོགས་པར་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་དང་། ཡང་དག་པའི་བགྲོད་ལམ་འདི་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དེའི་དགེ་མཚན་དང་ནུས་པ་བེད་སྤྱོད་དང་འདོན་སྤེལ་ཡག་པོ་བྱེད་དགོས།
གསུམ།
མིག་སྔར། འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་བསྟུན་ནས། མི་རིགས་ལས་དོན་གྱི་ནང་དོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཞིན་ཡོད། རྒྱལ་སྤྱིའི་ཐོག་ནས་བལྟས་ན། འཛམ་གླིང་གི་ལོ་བརྒྱའི་ནང་མཐོང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་ངང་འཕེལ་བ་དང་། འཛམ་གླིང་ནི་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་སྐབས་གསར་པའི་ནང་སླེབས་ཡོད། ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་དང་ཕ་ལེ་སི་ཐན་དང་ཨི་ཟི་རེལ་གྱི་གདོང་ཐུག་གི་རྒྱབ་ཏུ་མི་རིགས་ཀྱི་འགལ་བ་དང་ཆོས་ལུགས་ཀྱི་གནད་དོན་དང་འབྲེལ་བ་ཡོད། རྒྱལ་ཁབ་ཁག་ཅིག་གིས་འཐབ་ཇུས་ཀྱི་དགེ་མཚན་ལྡན་པའི་གནས་བབ་རྒྱུན་འཁྱོངས་བྱ་རྒྱུའི་རེ་ངན་བཅངས་ནས། མི་རིགས་ཀྱི་གླེང་གཞི་ཡང་ཡང་བཟོས་ནས་ཀྲུང་གོར་ཕར་རྒོལ་དང་། ཁག་ངན་འགེལ་བ། རང་རྒྱལ་གྱི་ནང་སྲིད་ལ་རྩུབ་སྤྱོད་ངང་ཐེ་གཏོགས་བྱས་ཏེ། མི་རིགས་ཀྱི་གནད་དོན་དེ་ཀྲུང་གོའི་སྤྱི་ཚོགས་ཀྱི་གདོང་ཐུག་དང་གཡོ་འགུལ་ཐེབས་པའི་གནོད་རྐྱེན་དུ་འགྱུར་བའི་རེ་ངན་བཅངས་ཡོད། རྒྱལ་ནང་གི་ངོས་ནས་བལྟས་ན། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་མོད། འོན་ཀྱང་འཕེལ་རྒྱས་དོ་མཉམ་མིན་པ་དང་མི་འདང་བའི་གནད་དོན་སྔར་བཞིན་བལྟོས་བཅས་ཀྱིས་འབུར་ཐོན་ཡིན། མི་རིགས་ཁག་གི་མི་འབོར་འཁོར་རྒྱུག་ཆེན་པོ་དང་མཉམ་འདྲེས་ཆེན་པོའི་འཕེལ་ཕྱོགས་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད་མོད། འོན་ཀྱང་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་སྔར་བཞིན་གནས་ཡོད། མི་རིགས་ས་ཁུལ་དུ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་མོད། འོན་ཀྱང་ས་ཁུལ་ཁ་ཤས་སུ་ཁྱབ་གདལ་གཏོང་ཚད་སྔར་བཞིན་མི་འདང་བ་དང་། ཏང་གི་མི་རིགས་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད་མོད། འོན་ཀྱང་མི་རིགས་ཁྱབ་ཁོངས་ནང་ཡུན་རིང་ལུས་པའི་གཏིང་ཟབ་པའི་གནད་དོན་ཁག་གཅིག་འཕྲལ་དུ་ཐག་གཅོད་བྱ་དགོས། གནས་ཚུལ་གསར་པ་དང་གནད་དོན་གསར་པའི་མདུན་དུ་ང་ཚོས་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། བློ་རྩེ་གཅིག་སྒྲིལ་དང་ཧུར་བརྩོན་ཆེན་པོས་འབད་བརྩོན་བྱེད་པ། བློ་སྟོབས་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། སི་ཁྲོན་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། ང་ཚོའི་ཏང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་ཡིན་ལ། མི་རིགས་ཁག་གི་མི་དམངས་ཀྱི་ཆེས་བློས་འགེལ་ཆོག་པའི་སྲོག་ཤིང་ཡིན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་སྤྱད་དེ་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་རྒྱུན་ཆད་མེད་པར་ཁས་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་བློ་བརྟན་འགྱུར་མེད་ངང་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་ནས་བློ་གཅིག་སེམས་གཅིག་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གཏོང་བའི་ཀྲུང་གོའི་ཕུགས་འདུན་ཐུན་མོང་དུ་བསྐྲུན་དགོས། ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཉམས་ཞན་དང་ལྷོད་གཡེང་གི་གཞི་རིམ་ཏང་རྩ་འཛུགས་རྒྱུན་མཐུད་དག་ཐེར་བྱས་ཏེ། མི་རིགས་གནད་དོན་ཐག་གཅོད་དང་། མི་རིགས་ལས་དོན་ཡག་པོ་སྒྲུབ་པ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་མུ་མཐུད་དུ་བརྟན་པོ་འཛུགས་དགོས། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་རྒྱག་དགོས་ན། ཕུགས་དང་རྩ་བ་ནི་རིག་གནས་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་དེ་ཡིན། ད་ལྟ། སྣ་མང་གཞི་གཅིག་གི་ཀྲུང་ཧྭའི་རིག་གནས་རྒྱུན་ཆད་མེད་པར་མཉམ་འདྲེས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། མི་རིགས་ཁག་གི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། གསར་གཏོད་བཅས་ལ་སྐུལ་འདེད་སྔར་ལས་ལེགས་པར་གཏོང་བར་བླང་བྱ་གསར་པ་བཏོན་ཡོད་པས། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཡག་པོ་བསྐྲུན་དགོས་པའི་དགོས་གལ་ཆེན་པོ་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། པ་ཧྲུའུ་རིག་གནས་ནང་འདུས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྟགས་སྔོག་འདོན་གཏིང་ཟབ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཀྲུང་ཧྭ་རིག་གནས་ངོས་འཛིན་གཅིག་མཐུན་དང་རིག་གནས་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལོ་རྒྱུས་དང་རིག་གནས་དྲིལ་བསྒྲགས་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་སློབ་གསོའི་མ་ལག་སྣ་ཚོགས་ནང་འཇུག་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་མངོན་གསལ་དོད་པོས་དམ་འཛིན་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་བས་མི་སེམས་སུ་ཐིམ་དུ་འཇུག་དགོས།
མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མི་རིགས་ས་ཁུལ་དེང་རབས་ཅན་མ་བྱུང་ན། ཞིང་ཆེན་ཡོངས་དེང་རབས་ཅན་དུ་འགྱུར་མི་སྲིད། ལོ་འདི་དག་ལ་མུ་མཐུད་འབད་བརྩོན་བྱས་པ་བརྒྱུད། སི་ཁྲོན་མི་རིགས་ས་ཁུལ་དང་ལྷག་པར་དུ་དབྱིས་རིགས་ས་ཁུལ་དུ་གོམ་པ་གཅིག་གིས་ལོ་ངོ་སྟོང་ལས་བརྒལ་བའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་མངོན་འགྱུར་བྱུང་མོད། འོན་ཀྱང་དེང་རབས་ཐོན་ལས་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ད་དུང་སྟོང་ཆ་ལུས་ཡོད་པས། མི་རིགས་ཁག་གི་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི་ལས་འགན་ད་དུང་དཀའ་ཚེགས་ཆེ་ཞིང་ལྗིད་པོ་ཡོད། འགྲིམ་འགྲུལ་དང་། ཆུ་བེད། གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་དམ་འཛིན་ཏན་ཏིག་བྱས་ཏེ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་དེང་རབས་ཀྱི་ཞིང་འབྲོག་དང་། ནུས་རྒྱུ་གཙང་མ་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་བཏང་སྟེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། དུས་མཚུངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འཆར་འགོད་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་དང་བཟོ་འགོད་ནན་ཏན་བྱས་ཏེ། ཤར་ནུབ་རྒྱུད་མཉམ་ལས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། ཐུན་མོང་ཕྱུག་འགྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།
མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཀྲུང་ཧྭ་མི་རིགས་ནི་མི་རིགས་ཁག་ཡུན་རིང་འགྲོ་འོང་སྤེལ་རེས་མཉམ་འདྲེས་བྱས་པའི་འབྲས་བུ་ཡིན་པས། མི་རིགས་ཁག་རྒྱུན་ཆད་མེད་པར་མཐུན་སྒྲིལ་མཉམ་འདྲེས་དང་རང་རྟོགས་ངང་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོར་མཉམ་འདྲེས་བྱས་ཚེ། གཞི་ནས་དེ་བས་མཛེས་སྡུག་ལྡན་པའི་མ་འོངས་ལྡན། སི་ཁྲོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཕན་ཚུན་ཟུང་འཇུག་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་མགྱོགས་མྱུར་ངང་འཛུགས་སྐྱོང་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཐུན་མོང་དུ་སྡོད་པ། ཐུན་མོང་སློབ་སྦྱོང་བྱེད་པ་དང་། མཉམ་སྒྲུབ་མཉམ་སྤྲོ་བྱེད་པ་བཅས་སྔར་ལས་ལེགས་པར་བྱེད་དུ་འཇུག་དགོས། མི་རིགས་ཁག་གི་མང་ཚོགས་འགྲོ་འོང་སྤེལ་རེས་མཉམ་འདྲེས་བྱེད་པའི་གཞི་རྟེན་སྟེགས་བུ་དེ་བས་མང་བ་འཛུགས་པ་དང་། རིམ་པ་མང་བ་དང་ཁྱབ་ཁོངས་མང་བ། སྣ་མང་ཅན་བཅས་ཀྱི་མང་ཚོགས་རང་བཞིན་གྱི་སྤེལ་རེས་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གི་ཁོར་ཡུག་བཟང་པོ་ཧུར་ཐག་བསྐྲུན་དགོས། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་སྒྲེང་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་དེ་སྡེ་ཚན་ཁག་དང་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་ལས་ཀའི་ཁྲོད་དུ་ལག་བསྟར་གང་ལེགས་བྱེད་དགོས།
མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་དང་མི་རིགས་ལས་དོན་བཅོས་སྐྱོང་བྱེད་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ནི་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་རེད། མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ལམ་བུའི་ནང་འཇུག་རྒྱུ་ནི་མི་རིགས་ལས་དོན་བཅོས་སྐྱོང་དེང་རབས་ཅན་མངོན་འགྱུར་བྱེད་པའི་གནད་དོན་ཁྲོད་དགོས་ངེས་ཀྱི་དོན་སྙིང་ཞིག་རེད། སི་ཁྲོན་གྱི་མི་རིགས་ལས་ཀའི་སྲིད་ཇུས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྱད་པར་ཅན་གྱི་ས་ཁོངས་རྒྱབ་སྐྱོར་སྲིད་ཇུས་ལེགས་སྒྱུར་བྱས་ཏེ། ཁྲིམས་ལྟར་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་སྔར་ལས་ལེགས་པར་བྱ་དགོས། མི་རིགས་ལས་དོན་ཕྱོགས་ཡོངས་ནས་ཁྲིམས་སྐྱོང་ཅན་གྱི་ལམ་བུའི་ནང་འཇུག་རྒྱུ་མཐའ་འཁྱོངས་དང་། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་ཕྱོགས་ཡོངས་ནས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ། མི་རིགས་ཁྱབ་ཁོངས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་འཛུགས་སྐྱོང་དམ་འཛིན་བྱས་ཏེ། མི་རིགས་ཀྱི་འགལ་བ་བསླང་པ་དང་། མི་རིགས་ལ་མཐོང་ཆུང་དང་འཁོན་འཛིན་ངན་སྐུལ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་གཏམ་བཤད་དང་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་དང་ཡུན་རིང་བདེ་འགོད་ཡོང་བར་ཁག་ཐེག་བྱེད་དགོས།
ཡོང་ཁུངས།《བདེན་འཚོལ》༢༠༢༥.༢༢
རྩོམ་པ་པོ། ཝང་ཞའོ་ཧུའེ། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།
