ཚེ་རིང་མཚོ་མོས་དངུལ་གྱི་རྟགས་མ་བླངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༡ ཚེས་ ༡༧

ཟླ་11པའི་ཚེས་15ཉིན་གྱི་ཞོགས་པར། སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་མར་སུན་འགྲན་རྒྱུག་དེ་ཧྲེན་ཀྲེན་མཚོ་ཁུག་ལུས་རྩལ་ལྟེ་གནས་སུ་སྤེལ་འགོ་ཚུགས་ཡོད།

རྒྱལ་ཡོངས་ཀྱི་ས་ཕྱོགས་ཁག་ནས་ཕེབས་པའི་ལུས་རྩལ་པ་69ཐེངས་འདིའི་འགྲན་བསྡུར་ནང་ཞུགས་པ་དང་། དེའི་ཁྲོད་བུད་མེད་ཚོ་ཆུང་ལ་མི་33དང་། སྐྱེས་པའི་ཚོ་ཆུང་ལ་མི་36ཡོད་པ་རེད། ཐོན་བརྡ་བཏང་བ་དང་དུས་མཚུངས་ལུས་རྩལ་པ་རྣམས་མདའ་མོ་གཞུ་ལས་བྲལ་བ་བཞིན་རྒྱུག་འགོ་ཚུགས་པ་རེད།

ཆུ་ཚོད་གཉིས་ལྷག་ཙམ་གྱི་འགྲན་རྩོད་ཛ་དྲག་བྱས་པ་བརྒྱུད། བོད་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོས་ཆུ་ཚོད་2དང་སྐར་མ་30དང་སྐར་ཆ་25ཡི་སྦྱངས་འབྲས་ལེགས་པོར་བརྟེན་ནས་བུད་མེད་ཀྱི་མར་སུན་འགྲན་རྒྱུག་གི་དངུལ་གྱི་རྟགས་མ་བླངས་པ་དང་། བོད་ལྗོངས་ཀྱི་ལུས་རྩལ་པ་བཀྲ་ཤིས་ཚེ་རིང་དང་བསོད་ནམས་ཚེ་རིང་གཉིས་ཀྱིས་སོ་སོར་ཆུ་ཚོད་2དང་སྐར་མ་13དང་སྐར་ཆ་10དང་ཆུ་ཚོད་2དང་སྐར་མ་13དང་སྐར་ཆ་26ཡི་སྦྱངས་འབྲས་ལེགས་པོར་བརྟེན་ནས་སྐྱེས་པའི་མར་སུན་འགྲན་རྒྱུག་གི་ཨང་ལྔ་པ་དང་ཨང་བདུན་པ་བླངས་ཡོད་པས། ཁོང་ཚོས་བོད་ལྗོངས་ཀྱི་ལུས་རྩལ་པ་རྒྱལ་ཡོངས་ལུས་རྩལ་འགྲན་བསྡུར་གྱི་མར་སུན་འགྲན་རྒྱུག་ནང་ཞུགས་ཚུན་གྱི་ལོ་རྒྱུས་སྟེང་གི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།༼ཡིག་སྒྱུར། བཀྲ་ཤིས་རྣམ་རྒྱལ།༽