ཞི་ཅིན་ཕིང་གིས་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་དང་མཇལ་འཛོམས་གནང་བ།

ཟླ་11ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་དང་མཇལ་འཛོམས་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་དང་བཙུན་མོ་སུའུ་ཐི་ཏ་དང་ལྷན་དུ་སྐུ་པར་སྐྱོན་བཞིན་པ།
ཟླ་11ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་དང་མཇལ་འཛོམས་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་དང་བཙུན་མོ་སུའུ་ཐི་ཏ་དང་ལྷན་དུ་སྐུ་པར་སྐྱོན་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་གིས་ཀྲུང་གོ་དེ་ཉིད་རྒྱལ་དོན་འཚམས་འདྲིར་ཕེབས་སའི་རྒྱལ་ཁབ་ཆེན་པོ་ཨང་དང་པོར་བརྩིས་གནང་ཡོད། ཀྲུང་ཐེའི་དབར་ཕྱི་འབྲེལ་བཙུགས་ཚུན་དུ་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་ཐེ་ལན་གྱི་རྒྱལ་པོ་ཨང་དང་པོར་གྱུར་པ་དེ་ཐོག་ནས་ཀྲུང་ཐེའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་ལུགས་དང“ཀྲུང་གོ་དང་ཐེ་ལན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མཛའ་མཐུན་ཟབ་མོ་གང་ལེགས་མཚོན་ཡོད། ཞི་ཅིན་ཕིང་གིས་ཡུན་རིང་མ་སོང་གོང་རྒྱལ་ཡུམ་ཧྲི་ལི་ཅི་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་ཆབས་ཅིག ཁོང་གིས་ཐེ་ལན་གོང་མ་ཚང་དང་ཀྲུང་གོའི་དབར་འབྲེལ་བ་ཟབ་མོ་ཡོད། ཀྲུང་གོ་དང་ཐེ་ལན་དབར་གྱི་མཛའ་གྲོགས་འབྲེལ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཀྲུང་གོ་ཕྱོགས་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། ད་ལོ་ནི་ཀྲུང་ཐེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དང“ཀྲུང་ཐེའི་མཛའ་གྲོགས་ཀྱི་བསྐལ་པ་བཟང་བའི་ལོ་50”ཡང་རེད། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ཚུན་དུ། རྒྱལ་སྤྱིར་འགྱུར་ལྡོག་ཇི་ཙམ་བྱུང་རུང་ཀྲུང་ཐེ་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལག་གདང་དཔུང་སྦྲེལ་དང་ཕན་ཚུན་ལྟ་སྐྱོང་བྱས་ཡོད། ཀྲུང་ཐེ་རྒྱལ་ཁབ་གཉིས་པོ་ནི་མིང་དོན་མཚུངས་པའི་གཉེན་ཉེ་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ངས་རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་དང་མཉམ་དུ་ཀྲུང་ཐེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྣེ་ཁྲིད་བྱས་ནས་ལོ་50རྗེས་མར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་བྱས་ཏེ། ཀྲུང་ཐེའི་མཛའ་མཐུན་གྱི་ལེའུ་གསར་པ་མཉམ་དུ་རྩོམ་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། སླད་ཕྱིན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་ཆུ་ཚད་མཐོ་པོས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན། ཐེ་ལན་ཡང་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་འགག་རྩའི་དུས་སུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་དང་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཐེའི་ལྕགས་ལམ་སོགས་རྣམ་གྲངས་ཆེ་རིགས་ཀྱི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཐེ་ལན་གྱི་སྤུས་ལེགས་ཞིང་ལས་ཐོན་ཟོག་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ། མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཀྲུང་ཐེའི་མཉམ་ལས་ཁྲོད་ནས་ཕན་པ་དངོས་དེ་བས་མང་བ་ཐོབ་ཏུ་འཇུག་འདོད་ཡོད། རྒྱལ་ཁབ་གཉིས་པོའི་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་འཆམ་མཐུན་དེ་བས་ཡོང་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་གོང་མ་ཚང་གི་སྤྱི་ཕན་རྣམ་གྲངས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་འདོད་ཡོད་ལ། དབུལ་པོ་ཉུང་གཏོང་གི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཐེ་ལན་གྱི་དམངས་འཚོ་ལེགས་སུ་གཏོང་རྒྱུར་རམ་འདེགས་བྱེད་འདོད་ཀྱང་ཡོད།
ཝ་ཅི་ལཱ་ལུང་ཀུང་གིས་གསུངས་དོན། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་རྒྱུ་བྱུང་བར་དགའ་བ་དཔག་མེད་བྱུང་། ལོ་མང་པོའི་རྗེས་སུ་སླར་ཡང་ཀྲུང་གོར་སླེབས་དུས་ཀྲུང་གོར་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་ནས་དེང་རབས་ཅན་གྱི་ཀྲུང་གོ་དང་མཛེས་སྡུག་ལྡན་པའི་ཀྲུང་གོའི་རྣམ་པ་གསར་རྐྱང་ཞིག་མཐོང་བྱུང་། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་བཀྲ་ཤིས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་མཛའ་གྲོགས་འབྲེལ་བ་ཟབ་པོ་དང་། མི་དམངས་དབར་འགྲོ་འོང་ཟབ་པོ། གཉིས་ཁེ་མཉམ་ལས་རྒྱ་ཁྱབ་གཏིང་ཟབ་བཅས་ཡོད། ཐེ་ཀྲུང་མཉམ་ལས་ནི་སྤུན་ཟླའི་དབར་གྱི་མཉམ་ལས་ཤིག་ཡིན། ཐེ་ལན་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་ཧུར་ཐག་བྱེད་པ་དང་། ཀྲུང་གོ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཐེ་ཀྲུང་གི་མཛའ་མཐུན་འབྲེལ་བ་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་འདོད་ཡོད།
མཇལ་འཛོམས་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཐང་ཆེན་དུ་ཝ་ཅི་ལཱ་ལུང་ཀུང་དང་བཙུན་མོ་སུའུ་ཐི་ཏར་ཕེབས་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
ཝ་ཅི་ལཱ་ལུང་ཀུང་ཕེབས་འབྱོར་ཟིན་སྐབས་གུས་དམག་གིས་རུ་བསྒྲིགས་ནས་གུས་འདུད་ཞུས་པ་དང་། ཞི་ཅིན་ཕིང་གིས་ཝ་ཅི་ལཱ་ལུང་ཀུང་དང་ལྷན་དུ་གཟིགས་ཞིབ་སྟེགས་བུར་ཕེབས་པ། དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་གོའི་རྒྱལ་གླུ་དང་ཐེ་ལན་གྱི་མཆོག་བསྟོད་གླུ་དབྱངས་དཀྲོལ་བ། ཝ་ཅི་ལཱ་ལུང་ཀུང་གིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་རྣམ་འབྱེད་རུ་སྟར་ལའང་གཟིགས་པ་རེད།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཝ་ཅི་ལཱ་ལུང་ཀུང་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
