ཝུན་ཀྲོའུ་རུ་མཛོད་དགེའི“རྨ་ཀླུང་མཛེས་ར”འོས་སྦྱོར་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༡ ཚེས་ ༡༣

རི་ཆུ་བརྒལ་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ། སྤྱི་ཟླ་11པའི་ཚེས་10ཉིན། “གནམ་འོག་གཟི་རྩ་སྡེ་དགུ། རབ་མཛེས་རྔ་ཁུལ”རྒྱལ་ཡོངས་སུ་བསྐྱོད་པ་སྟེ། “ཀྲེ་ཅང་དང་རྔ་ཁུལ་མཉམ་དུ་བསྐྱོད་ནས་རི་ཀླུང་གི་སྙན་དབྱངས་ཀུན་ལ་སྒྲོག”ཅེས་ཀྲེ་ཅང་ས་ཚིགས(ཝུན་ཀྲོའུ)ཀྱི་མཛོད་དགེ་རྫོང་འོས་སྦྱོར་བྱེད་སྒོ་ཝུན་ཀྲོའུ་གྲོང་ཁྱེར་ཀྲུང་ཧྲན་སྤྱི་གླིང་དུ་སྤེལ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དབྱི་ཆང་གིས་འོས་སྦྱོར་ཚོགས་པའི་སྣེ་ཁྲིད་དེ“རྨ་ཀླུང་མཛེས་ར། མཐོང་བ་ཀུན་སྨོན”ཞེས་པའི་བརྗོད་དོན་ལ་དམིགས་ནས། རིག་གནས་ཡུལ་སྐོར་འོས་སྦྱོར་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན། ཐོན་ཁུངས་ལེགས་པོ་མངོན་ནས་ཝུན་ཀྲོའུ་གྲོང་མི་དང་ཟུར་གསུམ་གླིང་གི་ཡུལ་སྐོར་ཁྲོམ་རར་མཛོད་དགེའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་དང་གཏིང་མཐུག་པའི་མི་ཆོས་རིག་གནས་ལེགས་པར་ངོམས།

མཛོད་དགེ་རྫོང་འོས་སྦྱོར་བྱ་སྐབས། བྱེད་སྒོར“རྨ་ཆུའི་རིག་གནས་དང་འབྲོག་ལས་རིག་གནས། ཞིང་ལས་རིག་གནས”བཅས་བརྗོད་དོན་ཆེན་པོ་གསུམ་གཙོར་བཟུང་སྟེ། གནས་ཚུལ་གསལ་བརྗོད་དང་བརྙན་མིག་གསལ་བཀོད། རིག་རྩལ་འཁྲབ་སྟོན་སོགས་ཀྱི་ལམ་ནས་མཛོད་དགེའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་འགྲེམས་སྟོན་བྱས། བྱེད་སྒོ་དེ《མཛོད་དགེ་མཐོང་བ་ཀུན་སྨོན》ཞེས་པའི་གདངས་དབྱངས་སྙན་མོ་བརྒྱུད་རྨ་ཁུག་དང་པོའི་མཛེས་ལྗོངས་དང་མཚོ་ཁྲ་བརླན་སའི་མཛེས་ཉམས། བྲག་བྱ་རྒོད་ཀྱི་ངོ་མཚར། དཔལ་སྐྱིད་གྲོས་ཚོགས་ཀྱི་གསར་བརྗེའི་རིག་གནས་ལེགས་པར་ངོམས། ཞབས་བྲོ《གཞོན་ནུ་གེ་སར》བརྒྱུད་རྨ་ཆུ་རིག་གནས་ཀྱི་བརྗིད་ཉམས་མངོན། 《མངོན་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན》བརྒྱུད་འབྲོག་ལས་རིག་གནས་ཀྱི་ཁྱད་ཆོས་ལེགས་པར་མངོན། ཟློས་གར《ནས་འབྲུའི་དམ་བཅའ》བརྒྱུད་ཞིང་ལས་ཤེས་རིག་གི་འཕེལ་རིམ་མངོན། རྨ་རྒྱུད་རྟ་མཆོག་དང་བྱི་བ་སོགས་ཁྱད་ལྡན་གཞི་རྒྱུ་ལེགས་པར་ངོམ་ནས“རྒྱང་སྐྱོད་ཀྱི་རྐང་རྗེས་འཚོལ་ནས་རྩྭ་ཐང་དང་གངས་རིའི་དཔྱིད་དཔལ་རོལ”ཞེས་པའི་མཛོད་དགེའི་ཡུལ་སྐོར་སྣང་བརྙན་ལེགས་པོ་བཏོད།

བྱེད་སྒོ་སྤེལ་ཡུལ་དུ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཚོང་གི་ཆེད་ཁུལ་བཙུགས་ཡོད། ཐང་ག་དང་དངུལ་མགར་ལག་རྩལ་རྒྱུན་འཛིན་པས་ཡུལ་དངོས་ནས་ལག་ལེན་དང་འགྲེལ་བཤད་བྱས་པ་བརྒྱུད་ཝུན་ཀྲོའུ་ཡི་གྲོང་མི་མང་པོའི་ཡིད་དབང་བཀུག །དབྱི་ལ་པའོ་དང་སྒྲོག་ཤོག་སོགས་ཀྱི་རྣམ་པ་བརྒྱུད་མཛོད་དགེའི་ཡུལ་སྐོར་ལམ་ཐིག་འོས་སྦྱོར་བྱས། ནོར་གཡང་ཁུ་འཐག་ཐོན་རྫས་དང་ཁྱད་ལྡན་བོད་སྨན་ཐོན་རྫས། སྤུས་ལེགས་ཞིང་ལས་ཐོན་རྫས་སོགས་ཀྱི་རིན་གོང་འདྲི་མཁན་དང་ཚོང་མོལ་གནང་མཁན་མང་པོ་འདུག་པས། སྤུས་རྟགས་འོས་སྦྱོར་དང་ཚོང་ལམ་རྒྱ་བསྐྱེད་པའི་དམིགས་ཡུལ་མངོན་འགྱུར་བྱུང་།

ཝུན་ཀྲོའུ་ཡི་ཆེད་དོན་འོས་སྦྱོར་ནི་མཛོད་དགེ་རྫོང་གིས་ས་ཁོངས་མཉམ་ལས་དང་ཟུར་གསུམ་གླིང་གི་ཚོང་ལམ་བཏོད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ཁྱད་ལྡན་ཐོན་ཁུངས་འགྲེམས་སྟོན་དང་ཁྲོམ་ར་འོས་སྦྱོར་བྱས་པ་བརྒྱུད། “རྨ་ཀླུང་མཛེས་ར། མཐོང་བ་ཀུན་སྨོན”གྱི་སྤུས་རྟགས་དེ་ཧྭ་ཤར་ས་ཁུལ་དུ་སྙན་གྲགས་རྒྱས་ནས། མཛོད་དགེ་རྫོང་གི་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་ཐོན་ལས་ལེགས་སྤེལ་ལ་སྒུལ་ཤུགས་གསར་པ་བསྩལ། ༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽