《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་སྤྱི་བཤད》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་བསླབ་གཞིར་འཇུག་པ་དང་། སློབ་ཁང་དུ་འཁྲིད་པ། སེམས་ལ་ཟུག་པ་བཅས་བྱེད་པར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་ནས་རྩོམ་འབྲི་བྱས་པའི་མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་ཀྱི་གཙོ་གནད་བསླབ་གཞི《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་སྤྱི་བཤད》(གཤམ་དུ《སྤྱི་བཤད》ཅེས་བསྡུ་རྒྱུ)ཞེས་པའི་དཔེ་དེབ་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཞི་ཚུགས་ནས། དུས་བབ་ཀྱི་འགྱུར་ལྡོག་གསར་པ་དང་ལག་ལེན་གྱི་བླང་བྱ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་ལེན་གྱི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ། འཕེལ་ཕྱོགས་ཆེན་པོར་ལྟ་བ་དང་། སྤྱི་ཡོངས་འཆར་འགོད་བྱེད་པ། བྱ་བ་དངོས་སྒྲུབ་པ་བཅས་བྱས་པ། དཔལ་འབྱོར་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ། འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྣེ་ཁྲིད་བཅས་གནང་བས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་གྲུབ་ཡོད།
《སྤྱི་བཤད》ནི་གླེང་གཞི་དང་གཞུང་དངོས་བཅས་ལེའུ་15ལས་གྲུབ་པ་དང་ཁྱོན་བསྡོམས་ཡིག་འབྲུ་ཁྲི་21ཙམ་ཡོད་པར་གཙོ་བོ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དོན་སྙིང་གལ་ཆེན་དང་། ལོ་རྒྱུས་ཀྱི་གནས་བབ། མངོན་གསལ་དོད་པའི་ཁྱད་ཆོས། ཚན་རིག་དང་མཐུན་པའི་མ་ལག གཞི་རྩའི་ནང་དོན། ལག་ལེན་གྱི་བླང་བྱ་སོགས་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་ཡོད་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་གསལ་འགྲེལ་གང་ལེགས་བྱས་པས། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་འབད་བརྩོན་ལྷོད་མེད་ཀྱིས་འཚོལ་ཞིབ་བྱས་ནས་བྱུང་བའི་བསམ་བློའི་ཉིང་བཅུད་རྩ་ཆེན་དང་། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གཞི་རྩའི་རྩ་དོན་སྤྱད་དེ་དུས་རབས་གསར་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་ཁྲིད་བྱས་ནས་གྲུབ་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན། དུས་རབས་གསར་པའི་རང་རྒྱལ་གྱི་དཔལ་འབྱོར་ལས་དོན་གྱི་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་རེད། 《སྤྱི་བཤད》ནང་མ་རྩོམ་དང་མ་ཡིག་ལ་བསྟུན་རྒྱུ་མཐའ་འཁྱོངས་བྱས་ནས་མ་ལག་ཅན་དང་རིགས་ལམ་ཅན་མངོན་གསལ་དོད་པ་དང་དེ་བཞིན་སྦྱོང་བདེ་བ་དང་སྤྱོད་སླ་བར་སྣང་ཆེན་བྱས་པས། དེ་ནི་མཐོ་སློབ་དཔལ་འབྱོར་རིག་པའི་ཆེད་ལས་ཀྱི་སློབ་མས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པའི་བསླབ་གཞི་གཙོ་བོ་ཞིག་རེད་ལ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་པའི་ཀློག་དེབ་གཙོ་བོ་ཞིག་ཀྱང་རེད།
