མཛོད་དགེ་རྫོང་གིས་མང་ཚོགས་ལ་མིག་ནད་བརྟག་དཔྱད་ཞབས་ཞུ་བཏོན་ནས་ཕན་བདེ་བསྐྲུན།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༡ ཚེས་ ༡༢

མང་ཚོགས་ཀྱི་མིག་གི་བདེ་ཐང་ཆུ་ཚད་མཐོ་རུ་བཏང་ནས་གཞི་རིམ་མང་ཚོགས་ཀྱི“སྨན་པར་བསྟེན་ཐག་རིང་བ་དང་བསྟེན་དཀའ་བའི”གནད་དོན་ཐག་གཅོད་བྱས་ནས། མི་སེར་ལ་སྒོ་འགྲམ་དུ་ཆེད་ལས་ཀྱི་མིག་ནད་ཚན་ཁག་གི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པར་འགན་ལེན་བྱ་ཆེད། ཉེ་ཆར། མཛོད་དགེ་རྫོང་མི་དམངས་སྨན་ཁང་གི་ཡན་ལག་སྨན་ཁང་གིས་མིག་ནད་ཚན་ཁག་སྒྲིག་འཛུགས་བྱས་ཏེ། ཐང་སྐོར་གྲོང་རྡལ་དང་བཞག་སྡོམ་གྲོང་རྡལ་སོགས་ཡུལ་གྲོང་ཁག་གི་ཡན་ལག་སྨན་ཁང་དུ་བསྐྱོད་དེ། སྐྱ་སྒྲིབ་མིག་ནད་དང་གཤོག་དབྱིབས་ལིང་ཐོག་མིག་ནད་ཆེད་དོན་བརྟག་དཔྱད་ལས་དོན་སྤེལ།

བརྟག་དཔྱད་ཀྱི་རིང་ལ་སྨན་བཅོས་ཚོགས་པས་ཆེད་ལས་སྨན་བཅོས་སྒྲིག་ཆས་དང་ནད་ཐོག་ཉམས་མྱོང་ལ་བརྟེན་ནས་མང་ཚོགས་ལ་མིག་ཤེད་ཞིབ་དཔྱད་ཚད་ལེན་དང་མིག་གི་གནོན་ཤུགས་ཚད་འཇལ། གས་སྲུབས་གློག་སྒྲོན་ཞིབ་བཤེར་སོགས་ཕྱོགས་ཡོངས་ནས་མིག་གི་དབང་པོར་བརྟག་དཔྱད་བྱས་ནས་མིག་ནད་འབྱུང་རྐྱེན་ལ་ཞིབ་དཔྱད་ཞིབ་ཕྲ་བྱས། དེ་དང་ཆབས་ཅིག་སྨན་དོན་མི་སྣས་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་རྒས་འགྲིབ་ནད་འགོག་བཅོས་དང་མིག་ནད་སྐམ་ཚག་བདག་སྐྱོང་། མིག་ནད་འགོག་བཅོས་སོགས་ཀྱི་དོགས་གནད་ལ་འགྲེལ་ལན་བཏབ། དཔེ་མཚོན་གྱི་ནད་དཔེ་དང་འབྲེལ་བྱས་ནས་ཚན་རིག་དང་མཐུན་པའི་མིག་སྤྱོད་ཤེས་བྱ་དང་རྒྱུན་ལྡན་གྱི་མིག་དབང་སྲུང་སྐྱོང་ཐབས་རྩལ་ཁྱབ་གདལ་བཏང་ནས། མང་ཚོགས་ཀྱི་མིག་དབང་བདེ་ཐང་བདག་སྐྱོང་འདུ་ཤེས་མཐོ་རུ་བཏང་། བརྟག་དཔྱད་ལས་སྒོ་དེར་བསྡོམས་པས་གཤོག་དབྱིབས་ལིང་ཐོག་ནད་པ་19དང་སྐྱ་སྒྲིབ་ནད་པ་41གསལ་རྟོགས་བྱུང་། སྨན་ཁང་གིས་ནད་པའི་བདེ་ཐང་ཆ་འཕྲིན་ཟིན་ཐོར་བཀོད་ནས་འོས་འཚམ་གྱི་སྨན་བཅོས་མཛུབ་ཁྲིད་མཁོ་འདོན་བྱས། དེ་མིན་ལྗང་མདོག་སྨན་བཅོས་ལམ་བུ་བཏོད་ནས་རྗེས་མཐུད་ཀྱི་གཤགས་བཅོས་དང་བདེ་ཐང་ཁམས་གསོར་ཞབས་ཞུ་བཏོན་ནས། ནད་པར་དུས་ཐོག་ཏུ་སྨན་བཅོས་ཐུབ་པར་འགན་ལེན་བྱས།

གཞི་རིམ་དུ་སྤེལ་བའི་ནད་བརྟག་ལས་སྒོ་དེས་མང་ཚོགས་ཀྱི་མིག་དབང་བདེ་ཐང་གི་གནས་ཚུལ་གསལ་རྟོགས་བྱུང་བར་མ་ཟད། ཐག་རིང་ས་ཁུལ་གྱི་སྨན་བཅོས་ཞབས་ཞུའི་བཀག་རྒྱ་གཏོར་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་མང་ཚོགས་ཀྱིས“སྒོ་འགྲམ”ལ་བསྐྱལ་པས། ཡུལ་གྲོང་ཁག་གི་མང་ཚོགས་ཀྱིས་གདེང་འཇོག་ལེགས་པོ་གནང་། ༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽