《དཀར་མཛེས་ཀྱི་རི་ཆུའི་རྣམ་བཤད》འགྲེམ་སྤེལ་བྱས་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༡ ཚེས་ ༡༠

ཟླ་11ཚེས7ཉིན། 《དཀར་མཛེས་ཀྱི་རི་ཆུའི་རྣམ་བཤད》ཅེས་པའི་དེབ་གསར་འགྲེམ་སྤེལ་དང་དཀར་མཛེས་ཀྱི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་དུ་འཚོགས་ཡོད། དེབ་དེའི་ནང་དཀར་མཛེས་ཁུལ་གྱི་རི་ཀླུང་གི་བཀོད་པ་དང་ས་བབ་ཆགས་ཚུལ། མི་ཆོས་རིག་གནས་ཀྱི་ཞིབ་ཕྲའི་ནང་དོན་བཅས་ཆ་ལག་ཚང་བའི་སྒོ་ནས་ཕྱོགས་སྒྲིག་བྱས་ཡོད་པ་དང་། ས་མཐོའི་འབྱུང་ཁམས་རིག་གནས་དང་མི་རིགས་ལོ་རྒྱུས་ལ་ཞིབ་འཇུག་བྱ་ཆེད་ཚད་ལྡན་ཡིག་ཆའི་འདེགས་སྐྱོར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 《དཀར་མཛེས་ཀྱི་རི་ཆུའི་རྣམ་བཤད》ཅེས་པ་དེ་དཀར་མཛེས་ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས་གཙོ་ཁྲིད་བྱས་པ་དང་ལྷོ་ནུབ་མི་རིགས་སློབ་ཆེན་དང་སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་སུའོ་ཡིས་མཉམ་འབྲེལ་ཐོག་རྩོམ་སྒྲིག་བྱས་པ་ཞིག་ཡིན་ཞིང་། དུས་ཡུན་ལོ་གཉིས་ཀྱི་ནང་ལེགས་གྲུབ་བྱུང་ཡོད། དཔེ་དེབ་ཧྲིལ་པོར་ཁྱོན་ཡིག་འབྲུ་ཁྲི་60ལྷག་ཙམ་དང་པར་རིས་200ལྷག་ཙམ་ལྷན་སྒྲིག་བྱས་ཡོད། དེབ་དེ《རི་བོའི་རྣམ་བཤད》དང་། 《ཆུ་བོ་དང་གཙང་པོའི་རྣམ་བཤད》 《མཚེའུ་དང་འཁྱགས་རོམ་གྱི་རྣམ་བཤད》 《ཁྲོན་བོད་ལམ་གྱི་རྣམ་བཤད(དཀར་མཛེས་དུམ་བུ)》དེ་བཞིན 《ཟུར་བཀོད》བཅས་ཆ་ཤས་ལྔ་ལ་དབྱེ་ཡོད་ཅིང་། གངས་དཀར་རི་བོ་དང་འུ་ལག་རི་བོ། ཉག་ཆུ། འབྲི་ཆུ་སོགས་རང་བྱུང་ས་ཁམས་དང་དམངས་སྲོལ་རིག་གནས་ཟིན་ཐོར་བཀོད་ཡོད་པ་དང་། རི་བོ་13དང་། ཆུ་བོ་དང་གཙང་པོ་གཙོ་བོ་5 དེ་བཞིན་མཚེའུ་དང་འཁྱགས་རོམ་མང་པོའི་རང་བྱུང་ཁྱད་ཆོས་དང་རིག་གནས་གཏམ་རྒྱུད་རྣམས་ཆ་ལག་ཚང་བའི་སྒོ་ནས་ཐེངས་དང་པོར་མངོན་ཡོད།

གཙོ་སྒྲིག་པ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧོང་ཤིན་ཅན་གྱིས། ང་ཚོས་དེབ་འདི་ཉིད་ཞིབ་འཇུག་གནང་མཁན་ཚོའི་དཔྱད་གཞིར་འགྱུར་རྒྱུ་དང་མང་ཚོགས་ཀྱིས་དཀར་མཛེས་ལ་རྒྱུས་མངའ་ལེན་པའི་རིག་གནས་ཕྱོགས་སྟོན་ཞིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས། ཁོང་གིས། རྩོམ་སྒྲིག་ཚོགས་པས་དཀར་མཛེས་ཁུལ་ཡོངས་ཀྱི་རྫོང་(གྲོང་ཁྱེར)18དུ་ཡུལ་དངོས་བརྟག་དཔྱད་བྱས་ནས། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་དང་དམངས་ཁྲོད་ངག་རྒྱུན། ངག་ཐོག་དྲན་ཤེས་བཅས་འབོར་ཆེན་འཚོལ་བསྡུ་བྱས་ཏེ། བརྩམས་ཆོས་ལ་རིག་གཞུང་རང་བཞིན་དང་དཔྱད་གཞིའི་རང་བཞིན། ལྟ་ཀློག་གི་རིན་ཐང་བཅས་ལྡན་གང་ཐུབ་བྱས་ཡོད། ཡང་སྒོས་སུ《ཆུ་བོ་དང་གཙང་པོའི་རྣམ་བཤད》ཅེས་པའི་ནང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད་པས། དུས་ཡུན་རིང་པོའི་ནང་ས་ཁོངས་དེར་མ་ལག་རང་བཞིན་གྱི་དཔྱད་ཡིག་དཀོན་པའི་སྟོང་ཆ་གསབ་ཡོད་ཅེས་གསུངས།

དཀར་མཛེས་ཀྱི་རི་ཆུར་རིག་གནས་ཀྱི་རིན་ཐང་ལྡན་པ་མ་ཟད། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལའང་དམིགས་བསལ་གྱི་ལེགས་སྐྱེས་འབུལ་བཞིན་ཡོད་ཅེས་ཀྲུང་གུང་དཀར་མཛེས་ཁུལ་ཨུད་ཀྱི་ཧྲུའུ་ཅི་ཧྲེན་དབྱང་གིས་བཞུགས་མོལ་ཚོགས་འདུའི་ཐོག་འདི་ལྟར་གསུངས་པ་དང་། ཁོང་གིས། ད་རེས་ཀྱི་བཞུགས་མོལ་བརྒྱུད་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ང་ཚོར་རྩ་ཆེའི་གྲོས་འགོ་མི་ཉུང་བ་ཞིག་བཏོན་ཡོད་པས། ང་ཚོས་ཀྱང་སྲུང་སྐྱོང་དང་རྒྱུན་འཛིན། འཕེལ་རྒྱས། བཀོལ་སྤྱོད་བཅས་ལ་གཞི་ཚུགས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་ཆེད་དཀར་མཛེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡོངས་བསྒྲགས་ཚོགས་འདུའི་ཐོག དཀར་མཛེས་ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་དང་ལྷོ་ནུབ་མི་རིགས་སློབ་ཆེན། དེ་བཞིན་ཁུལ་ནང་ཁུལ་གྱི་རྫོང་གྲོང་ཁག་ལ་དཔེ་དེབ་སྤྲད་ཡོད། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས《དཀར་མཛེས་ཀྱི་རི་ཆུའི་རྣམ་བཤད》ཅེས་པའི་རིག་གཞུང་གི་རིན་ཐང་དང་རིག་གནས་ཡུལ་སྐོར་ཐད་ཀྱི་བཀོལ་སྤྱོད། དེ་བཞིན་རིག་གནས་གསོན་འགྱུར་བཅས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་གནང་བ་དང་འབྲེལ། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་དང་བྲག་བརྐོས་རི་མོའི་ཞིབ་འཇུག འབྱུང་ཁམས་ཤེས་དཔལ་རོགས་ལས་སོགས་ཀྱི་གྲོས་དོན་ཐད་གྲོས་འགོ་བཏོན་ཡོད།

《དཀར་མཛེས་ཀྱི་རི་ཆུའི་རྣམ་བཤད》འགྲེམ་སྤེལ་བྱས་པ།