བོད་ལྗོངས་ཀྱི་བྱེད་སྒོ་འདི་དངོས་སུ་འགོ་ཚུགས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༡ ཚེས་ ༤

རེས་སྐོར་བརྒྱད་པའི་“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི”ཁྲོམ་རའི་སྐུལ་འདེད་བྱ་དགའ་(ཁ་གསབ)ཡོད་པའི་འབྲེལ་ཡོད་བྱེད་སྒོ་དེ་སྤྱི་ལོ་2025ལོའི་ཟླ་11ཚེས་1ཉིན་ནས་སྤྱི་ལོ་2026ལོའི་ཟླ་3ཚེས་15ཉིན་བར་སྤེལ་རྒྱུ་ཡིན་པ་དང་དེའི་རིང་གཟིགས་སྐྱོང་སྲིད་ཇུས་མང་པོ་བཏོན་ནས་ཡུལ་སྐོར་བས་དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པར་སྟབས་བདེ་དང་དངོས་ཕན་བསྐྲུན་རྒྱུ་རེད།

བྱེད་སྒོའི་རིང་ཡུལ་སྐོར་བས་མཛེས་ལྗོངས་ཁུལ་གྱི་སྤ་སེ་མི་དགོས་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་དང་། དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད། བོད་ལྗོངས་ཀྱི་ཀ་པ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཚང་མས་ཡུལ་སྐོར་བར་སྤ་སེ་མི་དགོས་པར་སྒོ་ཕྱེ་བ་དང་། ཡུལ་སྐོར་བས་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཀ་པ་རིམ་པའི་མཛེས་ལྗོངས་ཁུལ་སྣ་ཚོགས་ལ་རིན་མེད་ངང་ཡུལ་སྐོར་མྱོང་རོལ་གྱིས་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་གཏིང་ཟབ་བྱེད་ཆོག

ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་རླངས་འཁོར་འགྲུལ་སྐྱེལ་ཁེ་ལས་སོགས་ཀྱིས་དེ་སྔའི་སྲིད་ཇུས་ལ་གཞིགས་ནས་གཙང་གླས་རླངས་འཁོར་དང་།  གཙང་གླས་གནམ་གྲུ། ཆེད་སྤྱོད་མེ་འཁོར་ལ་བྱ་དགའི་(ཁ་གསབ)སྲིད་ཇུས་སོགས་ལོངས་སུ་སྤྱོད་ཆོག་པ་དང་ཞིབ་ཕྲའི་ལག་བསྟར་ཇུས་གཞི་རིང་མིན་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།