གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་ལམ་གྱི་གནས་ཚུལ་གསར་ཤོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༡ ཚེས་ ༣

ཉེ་ཆར། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྔ་བ་ནས་ཨ་མཆོག་ཞབས་ཞུའི་ཁུལ་བར་གྱི་སྤྱི་ལེ་23དང་། མཚོ་མང་སྒང་གི་རླངས་འཁོར་འཇོག་ས་ནས་འཛམ་ཐང་བར་མ་བར་གྱི་སྤྱི་ལེ་64 (གཤམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་དུམ་སྤྱི་ལེ་87ཞེས་བསྡུ་རྒྱུ)ཡི་སྣུམ་སྙིགས་ལམ་ངོས་འདིང་རྒྱུ་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་དང་། ལམ་དུམ་དེའི་གཙོ་གཟུགས་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་ནས་ད་ཆ་འཕྲུལ་གློག་དང་འགྲིམ་འགྲུལ། སྡོད་ཁང་སོགས་ལས་གྲྭ་ལྷག་མར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད།

སྔོན་དཔག་ལྟར་ན། ལམ་དུམ་དེ་འདི་ལོའི་ལོ་མཇུག་ཏུ་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་ནས་འཁོར་སྐྱོད་ཚོད་ལྟ་བྱ་རྒྱུ་རེད།

གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་219ཡོད་པ་དང་། དེ་སི་ཁྲོན་དང་མཚོ་སྔོན་ཞིང་ཆེན་གྱི་སྦྲེལ་མཚམས་ནས་འགོ་ཚུགས་པ་དང་། རྔ་བ་ཁུལ་གྱི་རྔ་བ་རྫོང་དང་ཁྱུང་མཆུ་རྫོང་ནས་འབར་ཁམས་གྲོང་ཁྱེར། དེ་ནས་ཝུན་ཁྲོན་དང་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དང་མཐུད་ཡོད། འདི་ནི་<<རྒྱལ་ཁབ་གཞུང་ལམ་དྲ་བའི་འཆར་འགོད་>>ནང་གི་G6པེ་ཅིང་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འབྲེལ་གཏུག་ལམ་ཐིག་ཏེ་གཏེར་ལེན་ཁ་ནས་འབར་ཁམས་བར་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བའི་ནུབ་བྱང་ནས་ལྷོ་ནུབ་བར་གྱི་འབྲེལ་གཏུག་ལམ་ཆེན་ཞིག་ཡིན་ལ། ཁྲེང་ཏུའུ་ནས་འབར་ཁམས་དང་མཚོ་སྔོན་བར་གྱི་འཕྲོ་ཐིག་རྣམ་པའི་ལམ་དུམ་གལ་ཆེན་དང་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སི་ཁྲོན་ལས་ཕྱིར་ཐོན་པའི་མྱུར་བགྲོད་གཞུང་ལམ་ཐོག་མ་དེ་ཡང་ཡིན་པ་རེད།

སི་ཁྲོན་གྱི་ལམ་ཐིག་ཧྲིལ་པོ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ལས་བརྒལ་བའི་ས་མཐོའི་མྱུར་བགྲོད་གཞུང་ལམ་ཐོག་མ་དེ་ཡིན་པའི་ངོས་ནས། མིག་སྔར་རྣམ་གྲངས་དེ་སི་ཁྲོན་དང་མཚོ་སྔོན་ཞིང་ཆེན་གྱི་སྦྲེལ་མཚམས་ནས་རྔ་བའི་གྲོན་དངུལ་བསྡུ་སའི་བར་གྱི་སྤྱི་ལེ་50དང་། འཛམ་ཐང་བར་མ་ནས་ཝང་ཅ་ཀྲའེ་གྲོང་ཚོའི་བར་གྱི་སྤྱི་ལེ་48.5བསྐྲུན་ཟིན་པ་དང་། རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་དུམ་སྤྱི་ལེ་87དེ་སྤྱོད་འགོ་བརྩམས་རྗེས། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རིམ་རྩིས་བྱས་ན་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་185.5ཟིན་རྒྱུ་རེད།

སྔོན་དཔག་བྱས་ན་ལམ་ཐིག་ཧྲིལ་པོར་2027ལོར་རླངས་འཁོར་ཤར་གཏོང་ཐུབ་པ་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

རླངས་འཁོར་ཤར་གཏོང་ཐུབ་རྗེས། ཁྲེང་ཏུའུ་ནས་མཚོ་སྔོན་གཅིག་སྒྲིལ་བར་གྱི་ཤར་བགྲོད་དུས་ཚོད་དེ་ཆུ་ཚོད་8.5ནས་ཆུ་ཚོད་5.5བར་ཐུང་དུ་འགྲོ་རྒྱུ་དང་། དེས་རྔ་བ་རྫོང་དང་ཁྱུང་མཆུ་རྫོང་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་རྒྱུ་མ་ཟད། ས་ཁོངས་དཔལ་འབྱོར་ཉོ་ཚོང་དང་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་བསྐོར་བའི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་དར་རྒྱས་ལ་རོགས་འདེགས་ཐུབ་རྒྱུར་དོན་སྙིང་ལྡན་ཡོད།