མཛོད་དགེ་རྫོང་གི་2025ལོའི་ལས་ཞུགས་མ་བྱས་པའི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་ཐོན་སློབ་མའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་དངོས་སུ་འཚོགས་འགོ་ཚུགས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༠ ཚེས་ ༢༢

སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་ཐོན་སློབ་མ་རྣམས་ལོ་སྨད་ཀྱི་བྱ་བཞག་ཚན་པའི་རྒྱུགས་གཞིར་ཞུགས་ནས་ལས་ཞུགས་ཀྱི་བརྩོན་ནུས་ཆེ་རུ་བསྐྱེད་ཆེད། སྤྱི་ཟླ་10པའི་ཚེས་20ཉིན། མཛོད་དགེ་རྫོང་གི་2025ལོའི་ལས་ཞུགས་མ་བྱས་པའི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་ཐོན་སློབ་མའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་དངོས་སུ་འཚོགས་འགོ་ཚུགས། གསོ་སྦྱོང་དེ་ཉིན་7ལ་སྤེལ་རྒྱུ་དང་བྱ་གཞག་སྡེ་ཁག་གི་རྒྱུགས་གཞིའི་ནང་དོན་ལ་དམིགས་ནས་སློབ་ཁྲིད་བྱ་རྒྱུ་རེད། གསོ་སྦྱོང་དེར་སི་ཁྲོན་ཞིང་ཆེན་གྱི་བྱ་གཞག་ཚན་པའི་རྒྱུགས་གཞིར་ཞིབ་འཇུག་ཡོད་ལ་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་འཆད་ཁྲིད་དགེ་རྒན་ཁྲེན་ཅིན་གདན་འདྲེན་ཞུས་ཡོད། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། རྫོང་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བ། དེ་མིན་སྦྱོང་བརྡར་ལ་ཞུགས་མཁན་སློབ་མ་ཡོངས་འཛིན་གྲྭའི་འགོ་ཚུགས་མཛད་སྒོར་ཞུགས་ཡོད།

འཛིན་གྲྭའི་མཛད་སྒོར་རྫོང་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་པས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་རོགས་སྐྱོར་སྲིད་ཇུས་ལ་དམིགས་ནས་གསལ་འགྲེལ་ཞིབ་ཕྲ་བྱས་པ་རེད། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་པས་གསོ་སྦྱོང་གི་བཀོད་སྒྲིག་དང་དགེ་རྒན་ངོ་སྤྲོད་བྱས། གཙོ་ཁྲིད་དགེ་རྒན་ལ་མཚོན་ན་བྱ་བཞག་ཚན་པའི་རྒྱུགས་གཞིའི་འཕེལ་ཕྱོགས་དང་སྐར་གྲངས་དཔྱད་བསྡུར་གྱི་ཚད་གཞི། རྒྱུགས་གཞིའི་ནང་དོན་གཙོ་བོ་བཅས་ལ་ནང་བྱན་ཆུད་པ་དང་། གསོ་སྦྱོང་འདིར་ཡིག་རྒྱུགས་དང་ཁ་རྒྱུགས་ཀྱི་ནང་དོན་གཙོ་བོར་དམིགས་ནས། “རྒྱུགས་གཞི་དབྱེ་འབྱེད+ཐབས་རྩལ་འགྲེལ་བཤད”བྱས་པ་བརྒྱུད་སློབ་མར་རྒྱུགས་ལེན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་རོགས་བྱ་རྒྱུ་རེད་ཅེས་བཤད། དེ་མིན་སློབ་མ་ཚོར་སློབ་སྦྱོང་གི་གོ་སྐབས་བཟང་པོ་དེ་དམ་འཛིན་བྱས་ཏེ། བློ་རྩེ་གཅིག་ཏུ་སྒྲིམ་ནས་འབད་པ་ཧུར་ལེན་བྱས་ཏེ། མཐའ་མའི་དཔྱད་ཞིབ་ཁྲོད་སྦྱངས་འབྲས་ལེགས་པོ་ལེན་དགོས་པའི་སྐུལ་མ་བཏང་།

རྒྱུས་ལོན་པ་ལྟར་ན། གསོ་སྐྱོང་ལས་སྒོ་དེར“ཆེད་དོན་སློབ་ཁྲིད+རྒྱུགས་གཞི་སྦྱོང་ཁྲིད+ཐབས་རྩལ་བསྐྱར་སྦྱོང”གི་ལམ་ནས་བྱ་བཞག་ཚན་པའི་ཡིག་རྒྱུགས་དང་ཁ་རྒྱུགས་ཀྱི་ནང་དོན་ཁྲིད། མཛོད་དགེ་རྫོང་གི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་ཐོན་སློབ་མའི་རྒྱུགས་ལེན་ནུས་པ་མཐོ་རུ་བཏང་སྟེ། ལོ་སྨད་ཀྱི་བྱ་གཞག་སྡེ་ཁག་གི་རྒྱུགས་གཞིར་ཞུགས་ནས་ལས་ཞུགས་ཐུབ་པར་འདེགས་སྐྱོར་ནུས་ལྡན་བྱས།