གངས་རིའི་ལྗོངས་ནས་པཱ་ཧྲུའུ་ལུང་པ་རུ། རྒྱ་བོད་མི་རིགས་ཀྱིས་བློ་སེམས་གཅིག་ཏུ་བསྒྲིལ་ཏེ་གཏམ་རྒྱུད་གསར་པ་བརྩམས། ——དངོས་བཤུས་རྩོམ་རིག་བརྩམས་ཆོས་རིང་མོ《རབ་བྱུང་གཅིག་གི་ཕུགས་འདུན》ཞེས་པའི་དེབ་གསར་འགྲེམ་སྤེལ་ཚོགས་འདུ་ཐེན་ཧྥུའུ་དཔེ་དེབ་འགྲེམ་སྟོན་དུ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༠ ཚེས་ ༢༠

སྤྱི་ཟླ10པའི་ཚེས17ཉིན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་དང་འགྲེམ་སྤེལ་བྱས་པའི་དངོས་བྲིས་རྩོམ་རིག་བརྩམས་ཆོས་རིང་མོ《རབ་བྱུང་གཅིག་གི་ཕུགས་འདུན》ཞེས་པའི་དེབ་གསར་འགྲེམ་སྤེལ་ཚོགས་འདུ2025ལོའི་ཐེན་ཧྥུའུ་དཔེ་དེབ་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་ཡུལ3པ(དུས་རབས་མཁར་ཆེན་གྱི་རྒྱལ་སྤྱིའི་ཚོགས་འདུ་དང་འགྲེམ་སྟོན་ལྟེ་གནས་གསར་པ)ནས་བདེ་བླག་ངང་སྤེལ།  ཐེངས་འདིའི་བྱེད་སྒོས“གངས་རིའི་ལྗོངས་ནས་པཱ་ཧྲུའུ་ལུང་པ་རུ།  རྒྱ་བོད་མི་རིགས་ཀྱི་བསམ་སྦྱོར་གཅིག་ཏུ་ཕྱོགས”བརྗོད་གཞིར་བཟུང་སྟེ། རྩོམ་རིག་པའི་སྡེ་དང་པར་སྐྲུན་གྱི་སྡེ།  རོལ་མོ་བའི་སྡེ།  ཚོང་ལས་པའི་སྡེ་ཡི་སྐུ་མགྲོན་དང་ཀློག་པ་པོ་གདན་གཅིག་ཏུ་འཛོམས་ནས།  རྒྱ་བོད་མི་རིགས་ཀྱི་བརྩེ་བ་ཐེག་པའི་དངོས་བྲིས་བརྩམས་ཆོས་འདི་ཉིད་ཀུན་གྱི་མཐོང་ཆོས་སུ་མངོན་པར་གྱུར་པ་ལ་བདེན་དཔང་བྱས།

ཡིག་འབྲུ་འབུམ3ཙམ་ལས་གྲུབ་པའི་དངོས་བྲིས་ཀྱི་བརྩམས་ཆོས་ཕུལ་བྱུང་འདི་ཉིད། ཆེད་ལས་དངོས་བྲིས་རྩོམ་པ་པོ་ཙོ་ཨར་གྱིས་མི་ལོ་གསུམ་གྱི་དུས་ཡུན་རིང་སི་ཁྲོན་དང་བོད་ལྗོངས་ཡུལ་གཉིས་སུ་འགྲོ་འོང་བྱས་ཏེ་གསར་དུ་བརྩམས་ཤིང་།  བརྩམས་ཆོས་སུ་མི་སྣ་གཙོ་བོ་ཚེ་རིང་དཔལ་སྐྱིད་ཀྱི་ལས་དབང་དང་དུས་ཀྱི་འཕོ་འགྱུར་ལ་དམིགས་པ་གཏད་དེ།  དུས་རབས་དུ་མའི་རིང་གི་རྒྱ་བོད་དབར་གྱི་མཛའ་བརྩེ་གཅིག་ཏུ་འདྲེས་ཚུལ་ཞིབ་ཚགས་ཀྱིས་ཡི་གེར་བཀོད་ཡོད།  དྲོད་འཇམ་གྱི་སྨྱུག་ཁ་ཡིས་རྒྱ་བོད་མི་རིགས་དབར་གྱི་མཛའ་བརྩེ་ལྷུག་པར་བརྗོད་ཡོད་ཅེས་བཤད་ཆོག་ཆོག་འདུག

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་མགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་གཏམ་བཤད་སྤེལ་སྐབས་འདི་ལྟར་ན་རེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མི་དམངས་ཀྱི་སྲོག་ཤིང་ཡིན་ཏེ།  མི་རིགས་སོ་སོས་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་བརྩི་བཀུར།  ཕན་ཚུན་གུ་ཡངས།  ཕན་ཚུན་ཡི་རངས།  ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བྱས་ཏེ། སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་དམ་པོར་བསྒྲིལ་དགོས”ཞེས་ནན་གྱིས་བསྟན་པ་ལྟར།  ཁོང་གི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་གཞིར་བཟུང་སྟེ། ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་མི་རིགས་མཐུན་སྒྲིལ་ཚུར་སྣང་བྱེད་པའི་དེབ་ཚོགས་ཤིག་ཇུས་འགོད་བྱས་ཡོད།  མིང་ལ《མེ་ལྟར་དམར་བའི་སེ་འབྲུ》ཞེས་བཏགས་ཤིང་།  རྒྱལ་ཁབ་མི་རིགས་ཡི་གེ་པར་སྐྲུན་ཆེད་གཉེར་མ་དངུལ་ལས་གཞི་རུ་ཡར་ཞུ་བྱས་ཡོད། 《རབ་བྱུང་གཅིག་གི་ཕུགས་འདུན》ནི་དེབ་ཚོགས་འདིའི་ཁྲོད་ཀྱི་དེབ་ཐོག་མ་ཡིན།  རྩོམ་པ་པོ་ཙོ་ཨར་གྱིས་ཡིག་ཚོགས་འབུམ3དང་།  ཆེས་ལྷད་མེད་ཀྱི་བརྩེ་ཚོར།  ཆེས་ཡིད་དུ་འོང་བའི་ཚིག་སྦྱོར་ལ་བརྟེན་ནས།  ཀློག་པ་པོ་རྣམས་ལ་རྒྱ་བོད་མི་རིགས་དབར་གྱི་ཁྱིམ་ཚང་དཀྱུས་མ་ཞིག་གི་བརྩེ་བའི་སྦྲེལ་ཐག་དང་།  མི་རིགས་མཐུན་སྒྲིལ་མཉམ་འདྲེས་དང་འབྲེལ་བའི་གཏམ་རྒྱུད་དངོས་མ་ཞིག་ཞིབ་པར་བྲིས་ཡོད།

འགྲེམ་སྤེལ་ཚོགས་འདུ་རུ། རྩོམ་པ་པོ་ཙོ་ཨར་གྱིས་གསར་རྩོམ་རྒྱབ་ལོག་གི་གཏམ་རྒྱུད་བཤད་ཅིང་།  བརྩམས་ཆོས་ཀྱི་དོན་རྗོད་ཁྱད་ཆོས་དང་གསར་རྩོམ་སྐབས་ཀྱི་དཀའ་ངལ།  བརྩམས་ཆོས་ཀྱི་རྩོམ་རིག་རིན་ཐང་དང་སྤྱི་ཚོགས་རིན་ཐང་སོགས་གཏིང་ཟབ་པའི་སྒོ་ནས་དབྱེ་ཞིབ་བྱས་པར་མ་ཟད།  འགྲུལ་བཞུད་དང་འབྲལ་མེད་ཀྱི་གསར་རྩོམ་བྱེད་མཁན་ཞིག་གིས་དོན་དངོས་ཁྲོད་སྦྱོང་བརྡར་བྱེད་པ་དང་རྩོམ་འབྲི་དེ་ཉམས་ལེན་ཞིག་ཏུ་བརྩི་དགོས་པའི་གསར་རྩོམ་ལག་ལེན་གྱི་ངེས་ཤེས་དགོས་པའི་གནས་ལུགས་ཞིབ་བརྗོད་བྱས་ཏེ།  ཡུལ་དངོས་ཀྱི་ལྟ་མཁན་རྣམས་ལ་རྩོམ་པ་པོས་དངོས་བྲིས་རྩོམ་རིག་ལ་གུས་བཀུར་དང་རྒྱུན་འཁྱོངས་བྱས་པའི་ངང་རྒྱུད་ལྡན་པའི་ཚོར་སྣང་བསྐྱེད།  དཔེ་དེབ་ཁྲོད་ཀྱི་ལེ་བར་སྟོང་ཕྲག་བརྒལ་ཏེ་གཉེན་ཉེ་འཚོལ་བའི་མི་སྣ་གཙོ་བོ་སྟེ་ཚེ་རིང་དཔལ་སྐྱིད་ཀྱི་བུ་ཀྲུའུ་ཧུང་ལིན་གྱིས།  ཨ་མ་བོད་མོའི་གཏམ་རྒྱུད་དེ་གླེང་གཞིར་བྱས་ཏེ།  མི་ལོ་བཅུ་ཕྲག་དུ་མའི་རིང་དུ་སི་ཁྲོན་ནས་བོད་ལྗོངས་བར་ནས་གཉེན་ཉེ་འཚོལ་བའི་མི་སེམས་འགུག་པའི་གནས་ཚུལ་ཞིབ་ཅིང་ཕྲ་བ་བརྗོད་དེ།  དེར་གནས་མི་ཀུན་གྱི་ཡིད་དབང་རབ་ཏུ་སྐྱོམ།

ཀུན་གྱི་རེ་སྒུག་ཁྲོད། འབྲེལ་ཡོད་སྐུ་མགྲོན་གྱིས《རབ་བྱུང་གཅིག་གི་ཕུགས་འདུན》གྱི་དེབ་ཐུམ་ཕྱེས་ཤིང་དངོས་སུ་འགྲེམ་སྤེལ་བྱས།  དར་ཡོལ་ཕྱེས་པ་དང་ཆབས་གཅིག་ཏུ།    རྒྱ་བོད་མི་རིགས་ཀྱི་མཐུན་སྒྲིལ་མཚོན་པའི་བརྩམས་ཆོས་འདི་ཉིད་དངོས་སུ་ཀློག་པ་པོ་རྣམས་ཀྱི་མཐོང་ཆོས་སུ་གྱུར་ཏེ།  རི་ཆུ་བརྒལ་བའི་མི་རིགས་གཉིས་ཀྱི་མཛའ་བརྩེ་དང་འབྲེལ་བའི་གཏམ་རྒྱུད་ཅིག་སྔར་ལས་རྒྱ་ཆེ་བའི་མི་ཚོགས་ཤིག་ཏུ་ཁྱབ་པ་མཚོན།

བྱེད་སྒོའི་ཡུལ་དངོས་སུ་སྒྱུ་རྩལ་དང་རིག་གནས་མཐུན་པར་འདྲེས་པའི་སྣང་བ་ཁེངས་ཤིང་། བོད་ཀྱི་གཞས་པ་གྲགས་ཅན་ཀུན་དགའ་ཡིས་དེབ་མིང་དང་མཚུངས་པའི་གཞས་གསར《རབ་བྱུང་གཅིག་གི་ཕུགས་འདུན》ཞེས་པ་ཡུལ་དངོས་སྐུ་མགྲོན་དང་ལྟད་མོ་བར་སྐྱེས་སུ་ཕུལ།  གླུ་གཞས་འདི་ནི་རྩོམ་པ་པོ་ཙོ་ཨར་གྱིས་ཚིག་བརྩམས་ཤིང་།  རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དབྱངས་རྩོམ་མཁན་སྨོན་ལམ་རྡོ་རྗེ་ཡིས་དབྱངས་བསྐྱོན།  སྙན་ཞིང་འཇེབས་པའི་གླུ་དབྱངས་ཀྱི་དཔེ་དེབ་ཁྲོད་ཀྱི་གཏམ་རྒྱུད་དང་བརྩེ་ཚོར་ཡུལ་དངོས་ཀྱི་ལྟ་མཁན་ཀུན་གྱི་སེམས་སུ་སྐྱེལ།  དེའི་རྗེས་སུ།  ཙོ་ཨར་གྱིས་མི་སྣ་གཙོ་བོ་ཚེ་རིང་དཔལ་སྐྱིད་ལ་ཐང་ཀ་ཕུལ་ཞིང་།  རྩོམ་མཁན་གྱི་ངོས་ཐད་ནས་གཏམ་རྒྱུད་ཀྱི་མི་སྣའི་མ་དཔེ་ལ་བཀའ་དྲིན་ཞུས།   རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མི་སྣ་དང་།  ཀྲུང་གོའི་《གེ་སར》ཞལ་ཐང་ཆེན་མོའི་ལྷ་རིས་པ་གཙོ་བོ།  ཀརྨ་སྒར་བྲིས་ཀྱི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་ལེགས་སྨོན་ལགས་ཡུལ་དངོས་སུ་ཕེབས་ཏེ་རྒྱ་བོད་ཡིག་རིགས་གཉིས་ཀྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་ལྟ་བ་བརྟན་པོར་འཛུགས་ཞེས་པའི་ཕྱག་བྲིས་གནང་སྟེ།  ཡིག་གཟུགས་སྒྱུ་རྩལ་གྱིས་དེབ་གསར་ལ་བཀྲ་ཤིས་པའི་སྨོན་འདུན་ཞུས།

《རབ་བྱུང་གཅིག་གི་ཕུགས་འདུན》པར་སྐྲུན་དང་འགྲེམ་སྤེལ་བྱས་པ་ཡིས། ཀྲུང་གོའི་དངོས་བཤུས་རྩོམ་རིག་གི་ཁྱབ་ཁོངས་སུ་དོན་སྙིང་གཏིང་ཟབ་པའི་བརྩམས་ཆོས་ཤིག་ཁ་བསྣན་པ་མ་ཟད།   ཡི་གེ་སྦྲེལ་ཟམ་དུ་བྱས་ཏེ།  རྒྱ་བོད་དབར་གྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་ཞིང་།  ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་ལྟ་བ་བརྟན་པོར་འཛུགས་པར་ཤུགས་བསྣན།  དཔེ་དེབ་ཏུ་བརྗོད་པ་ནང་བཞིན།  རྨི་ལམ་གྱི་ཞིང་ཁམས་ལྟ་བུའི་གངས་ལྗོངས་དང་འཚོ་བའི་སྤྲོ་སྐྱིད་ཁེངས་པའི་པཱ་ཧྲུའུ་ལུང་པ་མཉམ་དུ་འཕྲད་པའི་སྐད་གཅིག་ལ།  རི་ཆུ་སྟོང་ཕྲག་བརྒལ་བའི་དྲན་གདུང་དེ་ཉིད།  མི་རིགས་གཉིས་ཀྱི་བསམ་སྦྱོར་གཅིག་ཏུ་ཕྱོགས་པའི་་དྲོད་ཁོལ་གྱི་གཏམ་རྒྱུད་ཅིག་ཏུ་འགྱུར་ངེས།