ཞི་ཅིན་ཕིང་གིས་ཀག་ནའི་ཙུང་ཐུང་དང་། ཏོ་སྨི་ནི་ཁན་གྱི་ཙུང་ཐུང་། འཁྱགས་གླིང་གི་ཙུང་ཐུང་། མོ་ཙམ་པི་ཁེའི་ཙུང་ལི། སི་རི་ལན་ཁའི་ཙུང་ལི་བཅས་དང་ཁག་སོ་སོར་མཇལ་འཛོམས་གནང་བ།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༠ ཚེས་ ༡༧

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཕེབས་པའི་ཀག་ནའི་ཙུང་ཐུང་མཱ་ཧ་མཱ་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་ཀྲུང་གོ་དང་ཀག་ནའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བའི་ལོ་ཞིག་རེད། ཀྲུང་གོ་དང་ཀག་ན་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་པ་སྐུ་ངོ་མས་བཏོད་པ་ཞིག་ཡིན་པ་དང་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀག་ནས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་དེང་རབས་ཅན་གྱི་ལམ་བུར་བསྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད་ལ། ཀག་ན་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྤུས་འབྲས་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་འདུ་ཤེས་དང་ཡང་དག་པའི་བདེ་ཁེའི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཨ་ཧྥེ་རི་ཁ་དང་མཉམ་ལས་བྱས་ནས། ཀག་ན་ཕྱོགས་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བའི་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིན་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་དང་། སྣ་མང་ཅན་གྱི་མཉམ་ལས་བྱེད་སྟངས་འཚོལ་ཞིབ་བྱེད་དགོས། གཏེར་ལས་དང་། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས་དང་ཉ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་གཏོང་བ་དང་། ཀག་ན་ཕྱོགས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་བར་རོགས་རམ་བྱེད་པ། ཐོན་ཁུངས་གསར་སྤེལ་དང་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་ནུས་ལྡན་ཡོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་མཉམ་དུ་ལག་ལེན་བསྟར་ཏེ། སྔར་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོའི་དབར་དཔལ་འབྱོར་རོགས་ཟླའི་འབྲེལ་བ་མཉམ་དུ་འཕེལ་རྒྱས་གཏོང་བའི་གྲོས་ཆོད་ཀྱི་ཐོག་མའི་གྲུབ་འབྲས་བཀོད་སྒྲིག་ཐད་རྩ་དོན་གྱི་ཐུན་མོང་ངོས་འཛིན་བྱུང་བ་དང་། ཀག་ན་ཕྱོགས་ལ་ཀྲུང་གོས་ཨ་ཧྥེ་རི་ཁ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་དབར་གྱི་དཔྱ་ཁྲལ་སྣ་ཚོགས་ཀྱི་ཐོན་རྫས་100%ལ་སྒོ་ཁྲལ་མེད་པའི་བྱ་ཐབས་ཁྲོད་ནས་ཕན་པ་སྔ་ཙམ་ཐོབ་པའི་རེ་སྒུག་བྱེད་ཀྱི་ཡོད།

མཱ་ཧ་མཱས་ཀྲུང་གོས་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཕུན་སུམ་ཚོགས་པོས་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། ད་ཐེངས་ཀྱི་དབུ་ཚོགས་ལ་དོན་སྙིང་གལ་ཆེན་ལྡན་པས་འཛམ་གླིང་བུད་མེད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་སྣེ་ཁྲིད་ཀྱི་ནུས་པ་མངོན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་ཀག་ན་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་མཉམ་ལས་བྱས་པ་བརྒྱུད་ཀག་ནར་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀག་ན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་ཀྲུང་གོ་དང་འབྲེལ་བ་ཟབ་ཏུ་གཏོང་བར་གཞོལ་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཚོང་དོན་དང་། གྲངས་འཛིན་དཔལ་འབྱོར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ནུས་རྒྱུ། གཏེར་ལས། མི་ཆོས་རིག་གནས་སྤེལ་རེས་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཕེབས་པའི་ཏོ་སྨི་ནི་ཁན་གྱི་ཙུང་ཐུང་པོ་ཏུན་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཏོ་སྨི་ནི་ཁན་ནི་ཅ་ལེ་པི་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་20ལྷག་ཙམ་སོང་རིང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ལྟ་སྟངས་འདྲ་མཉམ་འཛིན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ། མི་དམངས་དབར་གྱི་མཛའ་གྲོགས་ཉིན་བཞིན་ཟབ་ཏུ་ཕྱིན་པ་བཅས་བྱུང་ནས། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་རྒྱལ་ཁབ་ཆེ་ཆུང་མི་འདྲ་བའི་དབར་གྱི་མཛའ་གྲོགས་མཉམ་ལས་ཀྱི་དཔེ་མཚོན་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སླེབས་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཡག་པོ་སྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཏོ་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་བཅས་དབར་གྱི་འགྲོ་འོང་བྱེད་ཟབ་ཏུ་གཏོང་དགོས། དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་དགོས་ཤིང་། ཏོ་སྨི་ནི་ཁན་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ་གཙང་མ། སྨན་བཅོས་འཕྲོད་བསྟེན། ཞིང་ལས། བུད་མེད་ལ་དབང་ཆ་སྤྲོད་པ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རིག་གནས་དང་། སློབ་གསོ། ཡུལ་སྐོར་སོགས་མི་ཆོས་རིག་གནས་སྤེལ་རེས་དམ་ཟབ་བྱེད་པ་བཅས་ལ་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་མཉམ་དུ་ལག་ལེན་བསྟར་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ནས། བུད་མེད་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས།

པོ་ཏུན་གྱིས་ཀྲུང་གོ་ནི་ཏོ་སྨི་ནི་ཁན་གྱི་གྲོགས་པོ་རླབས་པོ་ཆེ་དང་གཅེས་སྤྲས་ལྷག་པར་བྱེད་པའི་རོགས་ཟླ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱི་རྩ་ཆེའི་རྒྱབ་སྐྱོར་དང་ལྷག་བསམ་ཟོལ་མེད་ཀྱི་མཛའ་གཅུགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཏོ་སྨི་ནི་ཁན་དང་ཀྲུང་གོར་ཐུན་མོང་གི་འདུ་ཤེས་དང་དོན་གཉེར་བྱ་གཞི་ཡོད་པས་ཏོ་ཀྲུང་གི་འབྲེལ་བ་ཟབ་ཏུ་གཏོང་བ་དེས་ཏོ་སྨི་ནི་ཁན་གྱི་མི་དམངས་ལ་འོད་སྟོང་འཕྲོ་བའི་མདུན་ལམ་གཏོད་རྒྱུ་རེད། ཏོ་སྨི་ནི་ཁན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཅིང་། ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་། ཞིང་ལས། ལྗང་མདོག་དཔལ་འབྱོར། ནུས་རྒྱུ་གཙང་མ། འཕྲོད་བསྟེན། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མི་ཆོས་རིག་གནས་སྤེལ་རེས་དམ་ཟབ་བྱེད་པ། ལ་ཏིང་མེ་གླིང་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་འདོད་ཡོད། དེང་སྐབས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་གི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུན་པ་བཏོན་ནས་འཛམ་གླིང་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་ལ་སྐུལ་འདེད་དང་རྒྱལ་ཁབ་ཁག་གི་མི་སེམས་ལ་སྐུལ་མ་བཏང་བས་དེ་ནི་འཛམ་གླིང་གི་རེ་བའི་ལམ་སྟོན་སྒྲོན་མེ་ལྟ་བུ་ཞིག་རེད་ཅེས་གསུངས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཕེབས་པའི་འཁྱགས་གླིང་གི་ཙུང་ཐུང་ཐུའོ་མ་སི་ཏུའོ་ཏིར་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་འཁྱགས་གླིང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་54སོང་རིང་། ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་ལས་མཐའ་འཁྱོངས་བྱས་ཡོད་པ་དང་། རྒྱལ་བབ་མི་འདྲ་བའི་རྒྱལ་ཁབ་དབར་ཡང་སྤྱི་ཚོགས་ཀྱི་ལམ་ལུགས་སོགས་ཀྱི་ཁྱད་པར་ལས་སྒྲོལ་ནས་གཉིས་ཁེ་གཉིས་ཕན་རྦད་དེ་ཡོང་ཐུབ་པ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཀྱིས་ར་སྤྲོད་གང་ལེགས་བྱས་ཡོད། ཀྲུང་གོས་འཁྱགས་གླིང་དང་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་ཀྱི་ཡོད་ལ། འཁྱགས་གླིང་ཕྱོགས་དང་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་འཁྱགས་གླིང་ཕྱོགས་གཉིས་ཀྱིས་རང་རང་སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་ལམ་བུར་མུ་མཐུད་བརྩི་འཇོག་དང་རྒྱབ་སྐྱོར་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། དཔལ་འབྱོར་ཚོང་དོན་དང་། ས་འོག་ཚ་ནུས། སྨན་བཅོས་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས། ལྗང་མདོག་ཕྱོགས་སྒྱུར་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་སྐུལ་འདེད་མཉམ་དུ་གཏོང་དགོས། ཡུལ་སྐོར་དང་སློབ་གསོ་སོགས་ཐད་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གཅུགས་དང་ཕན་ཚུན་བསམ་ཤེས་ཐུབ་ཚད་ཆེ་རུ་གཏོང་དགོས། ཀྲུང་གོ་དང་འཁྱགས་གླིང་གཉིས་ཀྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལའང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱེད་པ་དང་གླེང་མོལ་དང་གྲོས་མོལ་བརྒྱུད་རྒྱལ་སྤྱིའི་རྩོད་གཞི་སེལ་བར་མཉམ་དུ་གཞོལ་ནས། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལེགས་གྲུབ་ལྡན་པའི་ངང་འཚོགས་པ་གོ་སྐབས་སུ་བརྩིས་ནས་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཐུའོ་མ་སི་ཏུའོ་ཏིར་གྱིས་གསུངས་དོན། ཀྲུང་གོས་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལེགས་གྲུབ་ལྡན་པའི་ངང་གཙོ་གཉེར་བྱས་པར་རྟེན་འབྲེལ་ཞུ་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱིས་སེམས་རྩ་འཁོལ་པོས་སྣེ་ལེན་ཞུས་ནས་འཁྱགས་གླིང་ལྟ་བུའི་རྒྱལ་ཁབ་ཆུང་ཆུང་ཞིག་ལའང་བརྩི་འཇོག་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཁྱགས་གླིང་གིས་ཀྲུང་གོས་འཛམ་གླིང་བུད་མེད་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། འཁྱགས་གླིང་དང་ཀྲུང་གོ་ནི་ཡུན་རིང་གི་མཛའ་གྲོགས་ཡིན་པས་ཕྱོགས་གཉིས་པོའི་འབྲེལ་བ་ཟབ་པ་དང་། ཚོང་དོན་དང་། ས་འོག་ཚ་ནུས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། འཁྱགས་གླིང་ཕྱོགས་ཀྱིས་འཁྱགས་གླིང་དང་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་ལས་ཀྱི་བར་མཐོངས་མུ་མཐུད་རྒྱ་བསྐྱེད་གཏོང་བ་དང་མི་ཆོས་རིག་གནས་ཀྱི་སྤེལ་རེས་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྔར་བས་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཕེབས་པའི་མོ་ཙམ་པི་ཁེའི་ཙུང་ལི་ལའེ་ཝེ་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་མོ་ཙམ་པི་ཁེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་རིང་། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ལ་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས་རྡོ་རྗེ་བྲག་ལྟར་བརྟན་པོར་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ། ཀྲུང་གོ་དང་མོ་ཙམ་པི་ཁེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས། དེ་བས་འོད་སྟོང་འཕྲོ་བའི་ལོ་50རྗེས་མའི་ལེའུ་ཐུན་མོང་ཐོག་རྩོམ་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་ལ་རང་བཙན་རང་བདག་ངང་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་དང་རྒྱལ་ཁབ་ཀྱི་མཐུན་སྒྲིལ་བརྟན་ལྷིང་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་སྲིད་གཞུང་དང་། སྲིད་ཏང་། ཁྲིམས་འཛུགས་སྒྲིག་གཞི་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་བྱེད་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་རྒྱུ་གོ་སྐབས་སུ་བརྩིས་ནས། དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། ནུས་རྒྱུ་དང་གཏེར་རྫས་ཐོན་ཁུངས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕྱོགས་བསྡུས་གསར་སྤེལ་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་མཉམ་ལས་ཀྱི་ལམ་བུ་གསར་པ་མཉམ་དུ་འཚོལ་ཞིབ་བྱེད་དགོས། མོ་ཙམ་པི་ཁེའི་ཀྲུང་གོའི་རིག་གནས་ལྟེ་གནས་སྐྲུན་མགྱོགས་སུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་དང་དམངས་སེམས་གཅིག་མཐུན་ཡོང་བར་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དོན་འཁྱོལ་བྱེད་པ་དང་། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱས་ནས། རྒྱལ་ཁབ་གཉིས་པོ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད།

ལའེ་ཝེ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཐོག་གནང་བའི་གསུང་བཤད་ལ་ཤུགས་རྐྱེན་ཟབ་མོ་དང་དོན་སྙིང་གལ་ཆེན་ལྡན་ཡོད། མོ་ཙམ་པི་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ཏེ། འཛམ་གླིང་གི་བུད་མེད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ནི་མོ་ཙམ་པི་ཁེའི་བློས་འཁེལ་བའི་རོགས་ཟླ་བཟང་པོ་ཞིག་ཡིན་པ་དང་། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་རིང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་དམ་ཟབ་བྱས་ཡོད། མོ་ཙམ་པི་ཁེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱི་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས། ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། གཏེར་ལས། ཚན་རྩལ། སློབ་གསོ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་དམ་ཟབ་བྱས་ནས། རང་ངོས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་འདོད་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཕེབས་པའི་སི་རི་ལན་ཁའི་ཙུང་ལི་ཨཱ་མ་ལ་སུའུ་ལི་ཡ་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་སི་རི་ལན་ཁའི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བཏང་ནས། རྒྱལ་ཁབ་མི་འདྲ་བའི་དབར་གྱི་མཛའ་མཐུན་མཉམ་གནས་དང་གཉིས་ཕན་མཉམ་ལས་ཀྱི་དཔེ་མཚོན་བཏོད་ཡོད། ཀྲུང་གོ་དང་སི་རི་ལན་ཁ་རྒྱལ་ཁབ་གཉིས་ནི་གོང་འཕེལ་དར་རྒྱས་འགྲོ་བའི་ལམ་རོགས་དང་མཉམ་ལས་མཉམ་ཁེའི་རོགས་ཟླ་ཡག་པོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སི་རི་ལན་ཁ་འདི་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་ཁ་ཕྱོགས་གལ་ཆེན་ཞིག་ཏུ་བརྩིས་ནས། སི་རི་ལན་ཁ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་། གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ། ཀྲུང་གོ་དང་སི་རི་ལན་ཁའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སི་རི་ལན་ཁ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་བཅས་སྲུང་སྐྱོང་དང་། རང་ངོས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་འགྲོ་ལམ་དུ་བསྐྱོད་པ། དཔལ་འབྱོར་འཕེལ་རྒྱས་ལ་དམིགས་པ་བཅས་བྱས་ནས་རྒྱལ་ཁབ་སྟོབས་ལྡན་ཡོང་བ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་གྲུ་ཁའི་དཔལ་འབྱོར་དང་། དེང་རབས་ཞིང་ལས། གྲངས་འཛིན་དཔལ་འབྱོར། ལྗང་མདོག་དཔལ་འབྱོར། ཡུལ་སྐོར་སོགས་ཀྱི་མཉམ་ལས་ཐུན་མོང་ཐོག་རྒྱ་སྐྱེད་བཏང་ནས། སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྒྲོལ་རྒྱན་འགྱེད་དང་ཁ་བསླུས་སོགས་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣ་མང་ཅན་དང་། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བརྟན་པོ་བྱེད་དགོས།

ཨཱ་མ་ལ་སུའུ་ལི་ཡས་ཙུང་ཐུང་ཏི་ས་ནཱ་ཡ་ཁེས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཐོག་སྤེལ་བའི་གསུང་བཤད་ལ་དོན་སྙིང་གཏིང་ཟབ་ལྡན་པས། ཀྲུང་གོས་འཛམ་གླིང་བུད་མེད་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བཏོན་པའི་འགོ་ཁྲིད་ཀྱི་ནུས་པ་གལ་ཆེན་མངོན་ཡོད་ཅེས་བརྗོད་པ་རེད། ཁོང་གིས། སི་རི་ལན་ཁས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་ཞུས་ཏེ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་ཞུགས་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས། ཀྲུང་གོ་དང་མཉམ་ལས་སྔར་བས་དམ་ཟབ་བྱས་ཏེ་རང་ངོས་ཀྱི་འཕེལ་རྒྱས་གསར་པ་མངོན་འགྱུར་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།