ཧྲེན་ཀྲེན་ཝེ་ཞུས་རེ་བའི་སློབ་ཆུང་གི་སྒོ་བྱང་བཀལ་བ་དང་གཅེས་སེམས་དངོས་ཟོག་ཞབས་འདེབས་ཀྱི་བྱེད་སྒོ་མཛོད་དགེ་རྫོང་བཞག་སྡོམ་གྲོང་རྡལ་ལྟེ་བའི་སློབ་གྲྭ་རུ་སྤེལ་བ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༠ ཚེས་ ༡༦

སྤྱི་ཟླ་10པའི་ཚེས་14ཉིན། མཛོད་དགེ་རྫོང་བཞག་སྡོམ་གྲོང་རྡལ་ལྟེ་བའི་སློབ་གྲྭ་རུ་དགའ་སྤྲོས་ཁེངས། “ཧྲེན་ཀྲེན་ཝེ་ཞུས་རེ་བའི་སློབ་ཆུང་གི་སྒོ་བྱང་བཀལ་བ་དང་གཅེས་སེམས་དངོས་ཟོག་ཞལ་འདེབས་ཀྱི་བྱེད་སྒོ”དེ་གར་སྤེལ། སི་ཁྲོན་ཞིང་ཆེན་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་པ་ཀྲང་ཅན་ཆང་དང་། ཧྲེན་ཀྲེན་ཝེ་ཞུས་སློབ་གསོ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཉི་ཧྥེང་དང་ལི་ཡུང་ཁོན། ཐོན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཁན། རྫོང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྫོང་ཨུའི་གཞུང་དོན་ཁང་གི་ཀྲུའུ་རེན་ལི་ཅུན་བཅས་བྱེད་སྒོར་ཞུགས།

བྱེད་སྒོ་དེ་བརྗིད་ཉམས་ལྡན་པའི་རྒྱལ་དར་བསྒྲེངས་པའི་མཛད་སྒོ་བརྒྱུད་འགོ་ཚུགས་པ་དང་།  དེ་སྔོན་གྱི“སྦྲ་ནག་སློབ་གྲྭ”དང“རྟ་རྒྱབ་སློབ་གྲྭའི”དཀའ་ཚེགས་ཆེ་བའི་ལོ་ཟླ་ནས་ད་ལྟའི་སྤུས་ལེགས་སློབ་ཁང་དང་ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་སོགས་མཛོད་དགེའི་སློབ་གསོའི་འཕེལ་འགྱུར་ལ་ཕྱིར་དྲན་བྱས། ཧྲེན་ཀྲེན་ཝེ་ཞུས་རེ་བའི་སློབ་ཆུང་གི་སྒོ་བྱང་དངོས་སུ་བཀལ་བ་དེ་བཞག་སྡོམ་གྲོང་རྡལ་གྱི་སློབ་གསོའི་སྒྲིག་བཀོད་ལེགས་སྒྱུར་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་བརྩེ་སེམས་གཅིག་ཏུ་བསྡུས་པའི་མཚོན་ཚུལ་ཞིག་ཀྱང་ཡིན། གཅེས་སེམས་དངོས་ཟོག་དེ་དག་གིས་བྱམས་ལྡན་རྣམས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་ཐུགས་ཁུར་ཐེག་ཡོད་པས། སློབ་མའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་དངོས་གནས་ལེགས་པོར་བསྒྱུར་ཐུབ།

རྒྱུས་ལོན་པ་ལྟར་ན། ཞལ་འདེབས་བྱེད་སྒོ་དེས་སློབ་གྲྭའི་སྒྲིག་ཆས་ལེགས་སྒྱུར་བྱས་པ་མ་ཟད། བྱིས་པ་རྣམས་ལ་སློབ་ལྭ་380བྱིན་ནས་ཁོ་ཚོའི་སློབ་གཉེར་གྱི་ལོ་ཟླར་དྲོད་ཁོལ་སྦྱིན།

བྱེད་སྒོ་དེར་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་བྱིས་པ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་། ཁོ་ཚོར་དྲོད་ཀྱིས་ཁེངས་ལ་བྱམས་དང་ལྡན་པའི་འཚར་ལོངས་ཀྱི་ཁོར་ཡུག་བསྐྲུན། དེ་མིན་མཛོད་དགེའི་སློབ་གསོའི་བྱ་བཞག་ལ་གསོན་ཤུགས་གསར་པ་རྒྱས་སུ་བཅུག་པ་མ་ཟད། བྱམས་དང་བརྩེ་བས་ཕྱུག་པའི་རེ་བའི་འོད་སྣང་སྦྱིན།