བོད་ལྗོངས་ཀྱི་དགུན་ནས་ཀྱི་མྱུ་གུ་མཚོ་སྔོན་དུ་འབུས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༠ ཚེས་ ༡༦

སྤྱི་ཟླ་10པའི་ཚེས་13ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་རྒྱུད་འདྲེན་བྱས་པའི་བོད་ལྗོངས་ཀྱི་དགུན་ནས་ལ་མྱུ་གུ་ཐོག་མར་འབུས་ཡོད།

ཞིབ་འཇུག་དེ་ནི་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་དང་། མཚོ་སྔོན་ཞིང་ཆེན་ནས་ཀྱི་ཁྱད་ལྡན་ཞིང་ལས་གནམ་གཤིས་ཞབས་ཞུ་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས(བོད་ལྗོངས་ཀྱི་ནས་ཀྱི་གནམ་གཤིས་ཞབས་ཞུ་ལྟེ་གནས)བཅས་ཀྱིས་ཐུན་མོང་ཐོག་སྤེལ་བ་ཞིག་རེད།

དགུན་ནས་ནི་དེ་སྔ་བོད་ལྗོངས་ཀྱི་ཉིང་ཁྲི་དང་ལྷོ་ཁ་ཁོ་ནར་ཚོད་ལྟ་བྱས་ནས་བཏབ་པ་དང་། ཐེངས་འདིར་རྒྱུད་འདྲེན་བྱས་པ་ནི་བོད་ལྗོངས་ཀྱི་དགུན་ནས་ཨང་དང་པོ་དེ་ཡིན་ལ། གང་དེར་གྲང་བཟོད་རང་བཞིན་ཆེ་བ་དང་། ས་བབ་མཐོ་བའི་ཁུལ་དུ་སྐྱེ་འཚར་ཐུབ་པ། དྲོད་ཚད་དམའ་བ་དང་སྨུག་ཕྱིའི་འོད་ཐིག་དྲག་པོའི་འགྱེད་འཕྲོ་ཐེག་ཐུབ་པའི་ཁྱད་ཡོན་ལྡན། རྒྱུན་པར་སྟོན་དུས་ཀྱི་ཟླ་9པའི་ཟླ་དཀྱིལ་ནས་ཟླ་10པའི་ཟླ་སྟོད་བར་འདེབས་པ་དང་། ཕྱི་ལོའི་དབྱར་དུས་སུ་ལོ་ཏོག་བརྔ་བསྡུ་བྱས་ཆོག སྐྱེ་འཚར་དུས་ཡུན་ནི་ཧ་ལམ་ཟླ་བ་8ནས་9བར་ཡིན།

ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་རྒྱུད་འདྲེན་ཚོད་ལྟའི་འགན་འཁུར་རྣམ་གྲངས་ཚོགས་པས་ས་ཁམས་ཁོར་ཡུག་མི་འདྲ་བའི་འོག་དགུན་ནས་ཀྱི་སྐྱེ་འཚར་གནས་ཚུལ་དང་དེ་བཞིན་གནམ་གཤིས་རྒྱུ་རྐྱེན་གཙོ་བོའི་ཤུགས་རྐྱེན་ལ་མ་ལག་ལྡན་པའི་སྒོ་ནས་ལྟ་ཞིབ་ཚད་ལེན་བྱ་རྒྱུ་ཡིན་པ་དང་།  དེའི་དམིགས་ཡུལ་ནི་དགུན་ནས་དེ་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་དུ་འདེབས་འཛུགས་བྱེད་པའི་འཚམ་མཐུན་རང་བཞིན་དང་། དགུན་ནས་ཀྱི་དགུན་སྒྲོལ་ནུས་པ་དང་མཐའ་མའི་ཐོན་ཚད་ཀྱི་མི་མངོན་པའི་སྟོབས་ཤུགས་བཅས་ལ་དཔྱད་དཔོག་བྱ་རྒྱུ་དེ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཚོད་ལྟ་དེར་གྲུབ་འབྲས་ཐོབ་པའི་ངང་སྐུལ་འདེད་བཏང་བ་དེས་མཚོ་བོད་ས་མཐོའི་ཞིང་ལས་གནམ་གཤིས་ཐོན་ཁུངས་ནུས་ཆེ་བེད་སྤྱོད་བྱ་རྒྱུར་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་པ་མ་ཟད།  གོམ་སྟབས་རྗེས་མར་རྨ་ཆུའི་འབབ་རྒྱུད་ཀྱི་འདེབས་འཛུགས་གྲུབ་ཆ་ལེགས་སུ་གཏོང་བ་དང་། ས་ཁོངས་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུར་ཚན་རིག་ཞིབ་འཇུག་གི་ཐབས་ལམ་གསར་པ་བཏོད་ཡོད་པ་རེད།