པཎ་ཆེན་རིན་པོ་ཆེས་དུས་འཁོར་དབང་ཆེན་གནང་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༠ ཚེས་ ༡༥

སྤྱི་ཚེས་9ཉིན་ནས་སྤྱི་ཚེས་12ཉིན་བར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་གཞིས་རྩེའི་བཀྲ་ཤིས་ལྷུན་པོ་དགོན་དུ་དུས་ཡུན་ཉིན་བཞིའི་རིང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་མཛད་འཕྲིན་ཐུགས་གྲ་ལེགས་སྒྲིག་ངང་བསྐྱངས་གནང་བ་དང་། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ནས་ཕེབས་པའི་གྲུབ་མཐའ་རིས་མེད་ཀྱི་མཁས་ཤིང་གྲུབ་པའི་བླ་མ་སྐྱེས་ཆེན་དམ་པ་དང་སྐུ་ཚབ་དེ་བཞིན་དད་ལྡན་སེར་སྐྱ་མང་ཚོགས་སོགས་ཞུགས་ཡོད་པ་རེད།

དེ་ཡང་སྤྱི་ཚེས་9ཉིན་གྱི་སྔ་དྲོ་པཎ་ཆེན་རིན་པོ་ཆེ་མཆོག་བཀྲས་ལྷུན་དགོན་གྱི་རིན་རྒྱན་སྤོས་འཛིན་པ་དང་སྤྱན་འདྲེན་རྒྱ་གླིང་གི་དགེ་འདུན་པའི་སྔུན་བསུའི་འོག་སྐྱིད་སྐྱིད་ན་ཁའི་ཁྲི་ལ་འཁོད་ཅིང་། ཆོ་ག་གཞིར་བཟུང་ཡི་དམ་སྒྲུབ་བཤགས་མཛད་ཐོག་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་འགོ་བཙུགས་གནང་བ་རེད།

དུས་འཁོར་དབང་ཆེན་ནི་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་བླ་ན་མེད་པའི་དབང་གི་ནང་ནས་ཡི་དམ་གྱི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་སྨིན་རྒྱས་སུ་བསྩལ་བའི་དབང་ཆེན་ཞིག་ཡིན། དུས་ཡུན་ཉིན་བཞིའི་རིང་ལ་བྱིས་པ་ལྟར་འཇུག་པའི་དབང་བདུན་དང་། དབང་གོང་མ་གསུམ་དང་གོང་མའི་གོང་མའི་དབང་བཞི། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་སོགས་གནང་བ་རེད།

གཞན་ཡང་པཎ་ཆེན་རིན་པོ་ཆེ་མཆོག་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ཐད་ནས་འཆད་འགྲེལ་གཏིང་ཟབ་གནང་བ་རེད། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་མ་གནང་གོང་པཎ་ཆེན་རིན་པོ་ཆེ་མཆོག་ནས་ཆོ་ག་གཞིར་བཟུང་སློབ་མ་ཞུགས་ཅིང་དབང་བསྐུར་བ་དང་། ས་ཆོག་མཛད་ཅིང་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ། ཡེ་ཤེས་པ་འབེབས་པ་དང་བུམ་སྒྲུབ་བྱེད་པ་སོགས་སྟ་གོན་གྱི་ཆོ་ག་ཉམས་མེད་མཛད་གནང་ཡོད་པ་རེད།

བརྗིད་པའི་སྐུ་དང་སྙན་པའི་གསུང་གིས་དབང་གནང་བའི་ཐོག་ནས། པཎ་ཆེན་རིན་པོ་ཆེའི་ཟབ་ཡངས་ཀྱི་མཁྱེན་པ་དང་། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་དགོངས་པ་བཅས་ལེགས་པར་མངོན་ཞིང་། དབང་ཞུ་བར་བཅར་མཁན་གྱི་བླ་མ་སྐྱེས་ཆེན་དང་རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་བསྔགས་བརྗོད་དང་གདེང་འཇོག་ཚད་མཐོ་པོ་ཞུས་འདུག

གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་བཀྲ་ཤིས་སྐྱིད་ཚལ་སྡེ་ཁུལ་གྱི་ད་ལོ་དགུང་ལོ་61ལ་སླེབས་པའི་གྲོང་མི་ཚེ་བརྟན་དབང་ཕྱུག་གིས་སེམས་འགུལ་ཆེན་པོ་ཐེབས་པའི་ངང་། སྤྱི་ལོ་2016ལོར་པཎ་ཆེན་རིན་པོ་ཆེ་མཆོག་ནས་གནང་བའི་དུས་འཁོར་དབང་ཆེན་ཞུ་མྱོང་ཡོད་ལ་འདི་ལོ་སླར་ཡང་དུས་འཁོར་དབང་ཆེན་ཞུ་རྒྱུ་བྱུང་བར་སེམས་ནང་རང་ཉིད་ཧ་ཅང་བསོད་བདེ་ཆེན་པོ་ཡིན་སྙམ་གྱི་འདུག་ལ། པཎ་ཆེན་རིན་པོ་ཆེ་མཆོག་ནས་གསུངས་པ་བཞིན་ཕ་མར་བརྩི་འཇོག་དང་། ཁྱིམ་མཚེས་དབར་འཆམ་མཐུན། རྒྱུན་དུ་དྲིན་ཚོར་གྱི་བསམ་པ་བཅངས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ཡིན་ཞེས་བརྗོད།

བོད་ལྗོངས་ནང་བསྟན་སློབ་གླིང་ས་སྐྱ་དགོན་པའི་ཡན་ལག་སློབ་གླིང་གི་མཁན་པོ་དང་དཔེ་ཆའི་དགེ་རྒན་ཡོན་ཏན་མགོན་པོས། དུས་འཁོར་དབང་ཆེན་ཐུགས་གྲ་ལེགས་སྒྲིག་བྱུང་བ་དང་། ལྷག་པར་དུ་པཎ་ཆེན་རིན་པོ་ཆེས་དཀའ་བའི་གནད་རྣམས་གོ་བདེ་ཤེས་སླའི་ཐོག་ནས་གསལ་འགྲེལ་གནང་བས་ང་ཚོའི་བློ་སྒོ་ཡངས་པར་ཕྱེ་བ་དང་། གནད་སྨིན་དབང་བསྐུར་གྱིས་རང་རྒྱུད་ལ་པཎ་ཆེན་རིན་པོའི་ཆེའི་བྱིན་རླབས་འཇུག་ཐུབ་པ་བྱུང་བས། ཁོང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་ལས་ང་ཚོར་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་འཕྲིན་ཁྱད་པར་བ་མཐོང་གི་འདུག ཁོང་ནས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་འཕྲིན་བཟང་པོ་རྒྱུན་འཛིན་གནང་བར་ཀུན་གྱིས་དད་གུས་བླ་ན་མེད་པ་ཞུ་བཞིན་ཡོད། ང་ཚོས་ངེས་པར་དུ་“འདུ་ཤེས་གསུམ”བརྟན་པོར་འཛུགས་པ་དང་།“ཚད་གཞི་བཞི་”ལ་བརྩི་སྲུང་ཞུ་བ། སྒྲིག་ཁྲིམས་ནན་པོ་སྲུང་བ། ཐོས་བསམ་སྒོམ་གསུམ་ལ་རྩེ་གཅིག་ཏུ་གཞོལ་བ་བཅས་བྱས་ནས་པཎ་ཆེན་རིན་པོ་ཆེའི་སྣེ་ཁྲིད་འོག  ནང་བསྟན་དར་སྤེལ་དང་། རྒྱལ་གཅེས་ཆོས་གཅེས། རྒྱལ་སྐྱོང་འགྲོ་ཕན་གྱི་དགེ་འདུན་ཞིག་བྱེད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

དུས་འཁོར་དབང་ཆེན་འཚོགས་སར་སྒྲིག་ལམ་གོ་རིམ་ལྡན་པ་དང་། རྔམ་བརྗིད་དང་འཆམ་མཐུན་གྱི་རྣམ་པས་ཕྱུག་ཅིང་། ཆོས་ལུགས་ཀྱི་ཆོ་ག་ཁག་བདེ་བླག་བྱུང་ཡོད། གཞན་ཡང་ས་གནས་ས་ཐོག་ཏུ་པཎ་ཆེན་མཆོག་གི་སྐུའི་སྣང་བ་གསལ་བའི་LEDབརྙན་ཤེལ་དང་གསུང་གི་སྒྲ་དབྱངས་གསལ་བའི་སྒྲ་སྐྱེད་སྒྲིག་ཆས་ཆེད་མངགས་བཀོད་སྒྲིག་བྱས་ཏེ་དུས་ཐོག་ཏུ་རྒྱ་ཆེའི་དད་ལྡན་སེར་སྐྱ་ཡོངས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་ཟབ་མོ་ཉམས་སུ་མྱོང་བའི་བསྐལ་བ་བསྐྲུན་ཡོད་པ་རེད།