ཁམས་པའི་རིག་གནས་བགྲོ་གླེང་ཚོགས་འདུ་སྐབས་བཅུ་གསུམ་པ་འཚོགས།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན་གྱི་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༠ ཚེས་ ༡༤

ཟླ་བཅུ་པའི་ཚེས་བཅུ་གཅིག་ཉིན། ཏང་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོག་པར་དགའ་བསུ་ཞུ་བའི་སྐབས་འདིར། སི་ཁྲོན་མི་རིགས་སློབ་ཆེན་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བརྗོད་དོན་གཙོ་བོར་བཟུང་བའི་ཁམས་པའི་རིག་གནས་བགྲོ་གླེང་ཚོགས་འདུ་སྐབས་བཅུ་གསུམ་པ་འཚོགས་པ་རེད། 

དབུ་འབྱེད་ཚོགས་འདུའི་ཐོག་ཏུ་ཆེད་མཁས་པ་བཅུ་ལྷག་གིས་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ་དང་། ཁོང་ཚོས་སྐད་བརྡ་རིག་པ་དང་ལོ་རྒྱུས་རིག་པ། སྤྱི་ཚོགས་རིག་པ། སྒྱུ་རྩལ་རིག་པ་སོགས་ཀྱི་ཁྱབ་ཁོངས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་འཛུགས་སྐྱོང་གི་ལོ་རྒྱུས་ཀྱི་རྒྱབ་རྟེན་དང་དམིགས་བསལ་གྱི་དཔེ་མཚོན། གལ་ཆེའི་དོན་སྙིང་སོགས་ལ་འགྲེལ་བཤད་གནང་བ་དང་། ཁྱད་པར་དུ་མི་རིགས་འགྲོ་འོང་དང་རིག་གནས་སྤེལ་རེས་ཀྱི་དོན་ཚན་བྱེ་བྲག་རེ་རེ་ལ་དབྱེ་ཞིབ་དང་མཉམ་སྐྱོད་གནང་སྟེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་འཛུགས་སྐྱོང་ལ་ས་གནས་ཀྱི་དཔེ་མཚོན་དང་རིག་གཞུང་གི་རྒྱབ་རྟེན་མཁོ་འདོན་གནང་བ་རེད།

གཞན་ཡང་རིག་ཚན་འཛུགས་སྐྱོང་དང་ཆེད་ལས་འཛུགས་སྐྲུན་སོགས་བྱེ་བྲག་གི་བགྲོ་གླེང་སྟེང་ནས། ཆེད་མཁས་པ་རྣམས་ཀྱིས་གཅིག་ནས་རང་རང་སོ་སོའི་ཞིབ་འཇུག་གི་ཁྱབ་ཁོངས་དང་བསྡོངས་ནས་དགོངས་འཆར་གང་ལེགས་བཏོན་པ་དང་། གཉིས་ནས་སི་ཁྲོན་མི་རིགས་སློབ་ཆེན་གྱི་ཁྱད་ལྡན་རིག་ཚན་འཛུགས་སྐྱོང་གི་འཕེལ་ཕྱོགས་དང་བསྡོངས་ནས་སློབ་ཐུན་བཀོད་སྒྲིག་དང་འཇོན་མི་གསོ་སྐྱོང་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་གང་ལེགས་གནང་སྟེ། མ་འོངས་པའི་འཕེལ་རྒྱས་ཐད་ལ་རིགས་ལམ་གང་མང་མཁོ་འདོན་མཛད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ༢༠༡༡ལོར་ཁམས་པའི་རིག་གནས་བགྲོ་གླེང་ཚོགས་འདུ་གསར་དུ་འཚོགས་པ་ནས་བཟུང་ད་ལྟའི་བར་དུ་ཐེངས་བཅུ་གསུམ་བདེ་བླག་ངང་གཉེར་ཟིན་པ་དང་། དེ་ནི་སི་ཁྲོན་མི་རིགས་སློབ་ཆེན་ནང་ཁུལ་གྱི་རིག་གཞུང་སྤེལ་རེས་ཀྱི་སྟེགས་བུ་ཞིག་ནས་རིམ་བཞིན་ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་ཕྱི་ཕྱོགས་སུ་ཤུགས་རྐྱེན་ཆེ་བའི་རིག་གཞུང་གི་མིང་རྟགས་ཤིག་ཏུ་གྱུར་ལ། ཁམས་པའི་རིག་གནས་ཞིབ་འཇུག་དང་། གོང་སྤེལ། གསར་གཏོད་བཅས་ལ་མུ་མཐུད་དེ་སྐུལ་འདེད་གཏོང་བ་བརྒྱུད། བགྲོ་གླེང་ཚོགས་འདུ་དེ་མི་རིགས་ཀྱི་རིག་གནས་དར་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་པ་རེད།