གྲོང་གསེབ་ཀྱི་ལག་ཤེས་འཇོན་མི་གསོ་སྐྱོང་འཆར་གཞི། མཛོད་དགེ་རྒྱ་མཚོའི་རྒྱུད་སྦྱོང་ཁང་སྒོ་ཕྱེ་བ།

སྤྱི་ཟླ་10པའི་ཚེས་12ཉིན། “མཛོད་དགེ་རྒྱ་མཚོའི་རྒྱུད་སྦྱོང་ཁང་”དངོས་སུ་སྒོ་ཕྱེ་བ་དང་། རྒྱུད་སྦྱོང་ཁང་དེ་ནི་མཛོད་དགེ་རྫོང་གིས“གྲོང་གསེབ་ཀྱི་ལས་ཤེས་འཇོན་མི་གསོ་སྐྱོང་འཆར་གཞི”ལག་བསྟར་དང་། རིག་གནས་དར་སྤེལ་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན། ས་གནས་ཀྱི་བོད་སྤོས་བཟོ་རྩལ་རྒྱུད་འཛིན་དང་ཐོན་ལས་འཕེལ་རྒྱས་དུས་རིམ་གསར་པར་སླེབས་པ་མཚོན་ཐུབ།

མཛོད་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཅིག་གྱུར་འཆར་འགོད་དང་རྒྱབ་སྐྱོར་འོག །ཀྲུང་གོ་རྡོ་སྣུམ་དང་ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས“ལག་རྩལ་རྒྱུད་འཛིན་དང་སྤུས་རྟགས་གསོ་སྐྱོང་། ལས་ཞུགས་སྐུལ་ཁྲིད”བཅས་ཀྱི་ཁ་ཕྱོགས་ཆེན་པོ་གསུམ་ལ་དམིགས་ནས་ཆེད་དོན་མ་དངུལ་བཏང་། གྲོང་གསེབ་ཀྱི་ལག་ཤེས་འཇོན་མི་གསོ་སྐྱོང་དང་སྤུས་རྟགས་མ་ལག་ལེགས་པོ་གཏོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད“མཛོད་དགེ་རྒྱ་མཚོའི་རྒྱུད་སྦྱོང་ཁང”ཞེས་པ་ལེགས་པོ་བསྐྲུན། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དེང་རབས་ཐོན་ལས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ཐུན་མོང་མ་ཡིན་པའི“རིག་གནས་རྒྱུད་འཛིན+ཐོན་ལས་དར་རྒྱས+མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན”གྱི་མཛོད་དགེའི་འཕེལ་ལམ་ལེགས་པོ་བཏོད།

མཛོད་དགེ་རྒྱ་མཚོའི་རྒྱུད་སྦྱོང་ཁང་གི་འགན་འཁུར་བ་དཀོན་མཆོག་རྒྱ་མཚོས་བཤད་རྒྱུར། མཛོད་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་འོག །ཀྲུང་གོ་རྡོ་སྣུམ་ཀུང་སི་དང་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་མཐུན་རྐྱེན་གང་ལེགས་བསྐྲུན་པར་ཐུགས་རྗེ་ཆེ་ཞུ། དེ་རིང་ངེད་མཛོད་དགེ་རྒྱ་མཚོའི་རྒྱུད་སྦྱོང་ཁང་དངོས་སུ་སྒོ་འབྱེད་ཐུབ་པ་དང་། རང་ནུས་ཅི་ལྕོགས་ཀྱིས་བོད་སྤོས་བཟོ་རྩལ་རྒྱུད་འཛིན་དང་བོད་སྤོས་རིག་གནས་ཁྱབ་སྤེལ་གཏོང་རྒྱུ་ཡིན་ཞེས་བཤད།

མཛོད་དགེ་རྒྱ་མཚོའི་རྒྱུད་སྦྱོང་ཁང་ནི་བོད་སྤོས་བཟོ་རྩལ་འགྲེམ་སྟོན་དང་གསོ་སྦྱོང་། ཞིབ་སྤེལ་གཅིག་ཏུ་འདྲེས་པའི་ལས་སྟེགས་ཤིག་ཡིན་པར་མ་ཟད། སྲོལ་རྒྱུན་དང་དེང་རབས། རིག་གནས་དང་ཚོང་ཁྲོམ། བཟོ་རྩལ་དང་དམངས་འཚོའི་སྦྲེལ་ཐག་གལ་ཆེན་ཞིག་ཡིན། ལག་ཤེས་བ་རྒན་པའི་བཟོ་རྩལ་ཁྲིད་སྦྱོང་དང་ན་གཞོན་སློབ་བུའི་ལག་རྩལ་སློབ་སྦྱོང་། རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས། ཡུལ་སྐོར་བའི་ཉམས་ལེན་སོགས་དགེ་མཚན་མང་པོ་ཡོད། རྒྱུད་སྦྱོང་ཁང་གིས་བོད་སྤོས་བཟོ་རྩལ་རྒྱུད་འཛིན་ནས་ཐོན་ལས་དར་རྒྱས་ཀྱི་འཕེལ་ལམ་བཏོད་དེ། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་གསོན་ཤུགས་གསར་པ་སྦྱིན། གྲོང་གསེབ་དར་སྤེལ་དང་མི་རིགས་རིག་གནས་དར་རྒྱས་ཡོང་བར་ནུས་ཤུགས་གང་མང་བཏོན།