སྐབས་དང་པོའི་བོད་ལྗོངས་ཧི་མ་ལ་ཡའི་རིག་གནས་སྒྱུ་རྩལ་དང་གནའ་རྫས་བཤམས་སྟོན་འགོ་ཚུགས་ཡོད།

ཟླ་བཅུ་པའི་ཚེས་བཅུ་ཉིན། བོད་ལྗོངས་རིག་གནས་ཡུལ་སྐོར་གསར་སྤེལ་ཁུལ་གྱི་དོ་དམ་ཨུ་ལྷན་གྱིས་མཛུབ་སྟོན་དང་། བོད་ལྗོངས་ཐང་ཀ་སྒྱུ་རྩལ་རྟེན་མཛོད་གླིང་གིས་གཙོ་སྒྲུབ་བྱས་པའི་སྐབས་དང་པོའི་བོད་ལྗོངས་ཧི་མ་ལ་ཡའི་རིག་གནས་སྒྱུ་རྩལ་དང་གནའ་རྫས་བཤམས་སྟོན་ཆེན་མོ་ནི་བོད་ལྗོངས་ཐང་ཀ་རིག་གནས་སྒྱུ་རྩལ་རྟེན་མཛོད་གླིང་དུ་སྤེལ་འགོ་ཚུགས་པ་རེད།
ཐེངས་འདིའི་བཤམས་སྟོན་དེ་གནའ་རྫས་འགྲེམས་སྟོན་དང་། རིག་གཞུང་མཉམ་སྤྱོད། རིག་གནས་ཐོན་རྫས་ཁྲོམ་ར་སོགས་ཐབས་ལམ་སྣ་མང་གི་ལམ་ནས་སྲོལ་རྒྱུན་གྱི་མཛེས་རྟོག་དང་དེང་རབས་ཀྱི་འཚོ་བ་ཟུང་དུ་སྦྲེལ་བས། དེ་ཡིས་གཟིགས་མོ་བ་རྣམས་ལ་ལོ་རྒྱུས་ཀྱི་ཟབ་ཚད་དང་འཚོ་བའི་གསོན་ཤུགས་ལྡན་པའི་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་པ་མ་ཟད། བོད་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་འཕེལ་རྒྱས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་ལེགས་པར་མཚོན་པ་རེད།
ཐེངས་འདིའི་བཤམས་སྟོན་སྟེང་ལ་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན་སོགས་ནས་བསྐྱལ་ཡོང་བའི་གནའ་རྫས་རིགས་ཉིས་སྟོང་ལྷག་གཅིག་བསྡུས་ཀྱིས་འགྲེམས་སྟོན་བྱས་པས་ལྟད་མོ་བ་མང་པོ་ཚུར་འགུགས་བྱས་ཡོད། རིག་གནས་ཁྲོམ་རའི་ཁུལ་དུ། གནའ་རྫས་ཚོང་གཉེར་བ་ཉིས་བརྒྱ་དང་། ཁྱད་ལྡན་རིག་གནས་ཐོན་རྫས་གསར་སྐྲུན་ཁེ་ལས་སུམ་ཅུ། སྤུས་ལེགས་བཟའ་བཏུང་ཁེ་ལས་བཅུ་བཅས་ཀྱིས་མཉམ་དུ་འཚོ་བའི་བྲོ་བས་གཏམས་པའི་རིག་གནས་ཉམས་ལེན་འདུ་ར་ཞིག་བསྐྲུན་ཡོད།
བོད་ཀྱི་མཛེས་རིག་ལོ་རྒྱུས་དང་དམངས་སྲོལ་རིག་པ། རིག་གནས་རྟེན་རྫས་སོགས་ཀྱི་ཁྱབ་ཁོངས་ཀྱི་ཆེད་མཁས་པས་རིག་གཞུང་འཆད་ཁྲིད་གནང་སྟེ། གནའ་རྫས་རིག་གནས་ལ་སྤྲོ་བ་ཡོད་མཁན་རྣམས་ལ་ཕན་ཚུན་དགོངས་འཆར་སྤེལ་རེས་བྱེད་པའི་སྟེགས་བུ་ཡག་མོ་ཞིག་བསྐྲུན་ཅིང་། ཡུལ་དངོས་དང་དྲ་ལམ་གྱི་རིག་གནས་རྟེན་རྫས་ལ་སྤྲོ་སྣང་ཡོད་མཁན་རྣམས་ཚ་ཚ་འུར་འུར་གྱིས་ཆེད་མཁས་པས་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཀྱི་ཐབས་ལམ་བགྲོ་གླེང་གནང་བའི་བྱེད་སྒོའི་ཞུགས་ནས་དགོངས་འཆར་གང་ལེགས་བཏོན་པ་རེད།
རྟེན་རྫས་བཤམས་སྟོན་ནས་ཡུལ་དངོས་ཉམས་ལེན་དང་། རིག་གཞུང་བགྲོ་གླེང་ནས་སྤྱི་ཕན་ལག་ལེན་བར་དུ། ཐེངས་འདིའི་ལོ་ཟུང་འགྲེམས་སྟོན་དེ་རིག་གནས་ཀྱི་གསོལ་སྟོན་ཞིག་ཡིན་པར་མ་ཟད། བོད་ལྗོངས་ཀྱིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་སྣང་བརྙན་སྐྲུན་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཀྱི་མཚར་སྡུག་ངོམ་པའི་འཐབ་ཇུས་ཀྱི་ལག་ལེན་ཟབ་མོ་ཞིག་ཀྱང་རེད། མ་འོངས་པར་བོད་ལྗོངས་ཐང་ཀ་རིག་གནས་སྒྱུ་རྩལ་རྟེན་མཛོད་གླིང་གིས་རིག་གནས་ཀྱི་སྟེགས་བུ་མང་པོ་བསྐྲུན་ནས། ས་ཁོངས་རིག་གནས་དར་རྒྱས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཡུན་ཕན་སྒུལ་ཤུགས་བསྩལ་རྒྱུ་རེད།