མི་རིགས་ཁག་དབར་སེའུ་འབྲུའི་འབྲུ་གུ་ལྟར་རྡོག་རྩ་གཅིག་ཏུ་སྒྲིལ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ང་ཚོའི་མི་རིགས་56གིས་སེའུ་འབྲུའི་འབྲུ་གུ་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་དགོས། མི་རིགས་ལྔ་བཅུ་ལྔ་དྲུག་གཅིག་ཏུ་འདུས་ན་དེ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེ་མོ་ཞིག་ཡིན་ཞེས་བསྟན་གནང་ཡོད།
ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་གཙོ་ཐིག་ཏུ་བཞག་ནས། མི་རིགས་ཁག་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད། མི་རིགས་ཁག་གི་བུ་ཕྲུག་ཚོས་ལག་གདང་དཔུང་སྦྲེལ་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་བཞིན་ཡོད།
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། ཀུའེ་ཀྲོའུ་ཆན་ཏུང་ནན་མེའོ་རིགས་ཏུང་རིགས་རང་སྐྱོང་ཁུལ་ལི་ཕིང་རྫོང་ཀྲའོ་ཤིང་ཏུང་རིགས་གྲོང་ཚོར་ཡུལ་སྐོར་ལ་ཡོང་མཁན་མང་པོ་ཡོད་པ་དང་། ལུས་ལ་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་གྲོང་མི་ཚོས་ཏུང་རིགས་ཀྱི་གཞས་ཆེན་བླངས་ཏེ་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་ལ་བསུ་བ་ཞུ་བཞིན་ཡོད། ད་ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའེ་ཀྲོའུ་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་འདི་གར་ཕེབས་པ་དང་། གྲོང་ཚོའི་ཡུལ་མི་གཅིག་འདུས་ཁུལ་དུ་གྲོང་ཚོའི་ལས་བྱེད་པ་དང་གྲོང་མིའི་འཐུས་མི་དང་ལྷན་དུ་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་རྒྱུའི་སྐོར་ལ་བཀའ་མོལ་གནང་མྱོང་ཡོད།
ཞི་ཅིན་ཕིང་གིས་སྐབས་དེ་དུས། ཁྱེད་ཚོས་བརྗོད་པ་དང་ཁྱེད་ཚོའི་རྣམ་འགྱུར་ཐོག་ནས་ལོ་འདི་དག་རིང་གྲོང་ཚོར་དར་རྒྱས་ཆེན་པོ་བྱུང་བ་ཤེས་ཀྱི་འདུག དེང་གི་ཆར་ཡུལ་སྐོར་ནི་ཐོན་ལས་ཆེན་པོ་ཞིག་ཡིན་པ་དང་། གྲོང་གསེབ་དུ་ཡུལ་སྐོར་དུ་བསྐྱོད་མཁན་ཆར་རྗེས་ཀྱི་ཤ་མོ་བཞིན་མང་པོ་ཐོན་བཞིན་ཡོད་པས། མི་རིགས་ས་ཁུལ་གྱིས་རང་སོའི་ཁྱད་ལྡན་རིག་གནས་ཉར་ཚགས་བྱས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཁྲོད་གང་དེའི་བཀྲག་མདངས་སྔར་བས་འཚེར་བར་བྱེད་དགོས། ཁྱེད་ཚོའི་འཚོ་བ་གང་དགའ་གང་སྐྱིད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སོགས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱས་པས། དེང་གི་ཀྲའོ་ཤིང་ཏུང་རིགས་གྲོང་ཚོའི་ནང་མི་རིགས་ཀྱི་ཁྱད་ཆོས་དག་བཀོལ་སྤྱོད་བྱེད་པའི་ཁྲོད་དེ་བས་བཀྲག་མདངས་འཚེར་བཞིན་ཡོད་ཅིང་། གྲོང་མི་ཚོས་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་དང་ལས་གཏོད་བྱེད་པར་ཡང་ཐོན་ཁུངས་མཁོ་འདོན་བྱས་ཡོད། ལི་ཕིང་རྫོང་ཏུང་རིགས་གཞས་ཆེན་གྱི་མངོན་མིན་རིག་གནས་ཤུལ་གཞག་གི་རྒྱུན་འཛིན་པ་ཡིང་ཡུང་ཤིའུ་ཡིས། ཀྲའོ་ཤིང་དུ་ང་ཚོས་ཏུང་རིགས་ཀྱི་གཞན་ཆེན་ཡག་པོ་ལེན་ཞིང་རྒྱུན་འཛིན་ཡག་པོ་བྱེད་པ་དང་། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པར་བརྟེན་ནས་འབབ་འཕར་ཡོང་བ་བྱེད་བཞིན་ཡོད། ང་ཚོས་ད་དུང་གླུ་གཞས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་བཞིན་ཡོད། ད་ལྟ་ང་ཚོས་འཚོ་བ་གསར་པ་དང་གྲོང་གསེབ་དར་རྒྱས་ཀྱི་བདེ་སྐྱིད་གླུ་དབྱངས་སྐད་གསང་མཐོན་པོས་ལེན་བཞིན་ཡོད་ཅེས་གསུངས་ཡོད།
ཡུན་ནན་ཐེང་ཁྲུང་གྲོང་ཁྱེར་སན་ཅ་གྲོང་ཚོ་ཀྲུང་ཀྲའེ་སི་མོ་ལ་དབའ་རིགས་གྲོང་ཚོའི་ནང་། ཡུལ་སྐོར་བ་ཚོས་སྨྱུག་བྲོ་དང་ཤིང་རྐང་བྲོ་སོགས་ལ་མྱོང་རོལ་བྱེད་བཞིན་ཡོད། ལོ་ལྔའི་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདི་གར་ཕེབས་ནས་གྲོང་གསེབ་དར་རྒྱས་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོའི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ད་ཆ། སི་མོ་ལའི་བདེ་སྐྱིད་ལམ་བུ་རྒྱ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། སན་ཅ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཀྲའོ་ཅ་ཆིང་གིས། གྲོང་གསེབ་ཡུལ་སྐོར་གོང་འཕེལ་གཏོང་བར་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བཞིན་ཡོད་པས། ལས་རྣམ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། གྲོང་མི་ཚོ་ཁྱིམ་གྱི་སྒོ་འགྲམ་ནས་ལས་ཞུགས་ཐུབ་ཀྱི་ཡོད། ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱང་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་གསུངས་ཡོད།
ཀྲུང་གོའི་རྣམ་པའི་དེང་རབས་ཅན་དང་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐད་མི་རིགས་གཅིག་ཀྱང་ལུས་མི་རུང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱིས་བྱ་ཐབས་མང་པོ་སྤྱད་ནས་མི་རིགས་ས་ཁུལ་ཉིད་གོང་འཕེལ་གྱི་གནས་སྟངས་གསར་པའི་ཁྲོད་མཉམ་འདྲེས་སྔར་བས་ལེགས་པ་ཐུབ་པ་དང་སྤུས་མཐོའི་གོང་འཕེལ་མངོན་འགྱུར་ཐུབ་རྒྱུར་རོགས་རམ་བྱས་ཡོད། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཏོན་དབྱི་ཅུན་གྱིས། 2020ལོ་ནས་2024ལོའི་བར། རང་སྐྱོང་ལྗོངས་ལྔའི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་སྡོམས་འབོར་དེ་སྒོར་དུང་ཕྱུར་60129ནས་སྒོར་དུང་ཕྱུར་83766བར་མཐོ་རུ་ཕྱིན་པ་དང་། ཆ་སྙོམས་ལོ་རེའི་འཕར་ཚད་5.6%ཟིན་ཡོད། ང་ཚོས་གོང་འཕེལ་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས། མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་རྒྱུན་ཆད་མེད་པར་སྐོང་ཐུབ་པ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
ཀྲུང་ཧྭའི་རིག་གནས་ལ་ཁས་ལེན་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་། མི་རིགས་ཁག་གི་རིག་གནས་ཕན་ཚུན་དཔྱར་གཞིར་འཛིན་པ་དང་མཉམ་འདྲེས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་བསམ་པའི་རིག་གནས་ཀྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་འཕེལ་རིམ་གསར་པ་རྒྱུན་ཆད་མེད་པར་ཐོན་པར་བྱེད་བཞིན་ཡོད།
2019ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་སུ་རྟོག་ཞིབ་གནང་སྐབས་ཁྲེ་ཧྥེང་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས།《གེ་སར》མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་བྱམས་བརྩེའི་བཀའ་མོལ་གནང་ཡོད། སྐབས་དེ་དུས་ཞི་ཅིན་ཕིང་གིས། ཁྱེད་ཚོའི་འཁྲབ་སྟོན་ལས་ང་ཚོས་ལོ་རྒྱུས་རིག་གནས་ཀྱི་གཏིང་ཟབ་ཚད་མྱོང་ཚོར་ཐུབ་ཀྱི་འདུག མི་རིགས་56དབར་རྒྱུན་ཆད་མེད་པར་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་ཐུབ་པ་དེས་སྣ་མང་གཅིག་གྱུར་གྱི་ཀྲུང་ཧྭ་མི་རིགས་གྲུབ་ཡོད་ཅེས་གསུངས་ཡོད།
ནང་སོག་པ་ལིན་ཡུའེ་ཆི་རུ། ས་གནས་དེ་གའི《གེ་སར》རིག་གནས་རྒྱུན་འཛིན་ཡན་ལག་ཚོ་ཆུང་གིས་ལེ་ཚན་ནང་སྦྱོང་བྱས་ནས་འབྲོག་རར་འཁྲབ་སྟོན་ལ་སྐྱོད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།
པ་ལིན་ཡུའེ་ཆི་གེ་སར་རིག་གནས་འབྱུང་ཁམས་སྲུང་སྐྱོང་གོང་འཕེལ་ལྟེ་གནས་ཀྱི་ཀྲུའུ་རེན་ཧ་རི་པ་རི་ཡིས། ཀྲུང་ཧྭའི་ཤེས་དཔལ་གྱི་རྩ་བ་ནི་མཐུན་ཞིང་སྣ་མང་གི་མི་རིགས་མང་པོའི་རིག་གནས་ཀྱི་ས་གཞི་གཤིན་པོའི་ཐོག་ཚུགས་ཡོད་པས།《གེ་སར》ཚུད་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་ནི་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ཡིན་ཞིང་། ང་ཚོ་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ཡིན་ཞེས་གསུངས་ཡོད།
ཀྲུང་ཧྭ་མི་རིགས་ནི་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་ལོ་རྒྱུས་ལྡན་པའི་རླབས་ཆེ་བའི་མི་རིགས་ཤིག་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གཏོད་པ་དང་དེ་ཉིད་གོང་འཕེལ་གཏོང་བ་ནི་མི་སེམས་ཕྱོགས་ས་དང་གནས་བབ་ཆེན་མོའི་འཕེལ་ཕྱོགས། ལོ་རྒྱུས་ཀྱི་ལུགས་འབྱུང་བཅས་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་ཁག་སེའུ་འབྲུའི་འབྲུ་གུ་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་རྩོམ་པ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་གོང་ཕེལ་གཏོང་ཐུབ་པ་བྱེད་དགོས།
ཞི་ཅིན་ཕིང་གིས། ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭའི་ཤེས་དཔལ་གྱིས་རླབས་ཆེན་མེས་རྒྱལ་དང་རླབས་ཆེན་མི་རིགས་སྐྱེད་སྲིང་བྱས་ཤིང་། དེ་ཉིད་དུས་ནམ་ཡང་ཀྲུང་ཧྭའི་བུ་ཕྲུག་ཚང་མའི་བརྩེ་བ་ཆེས་ཟབ་ཤོས་དང་ཆེས་ཡུན་རིང་ཤོས་བཅངས་ས་ཞིག་ཡིན། ཡངས་ཤིང་རྒྱ་ཆེ་བ་དང་། མཛེས་སྡུག་དང་འབྱོར་ཕྱུག་ལྡན་པའི་ས་གཞིའི་འདིའི་ཐོག མི་རིགས་ཁག་གི་མི་དམངས་ཚང་མར་ཐུན་མོང་གི་ཁྱིམ་གཞིས་ཤིག་ཡོད་པ་དེ་ནི་ཀྲུང་གོ་ཡིན་པ་དང་། ཚང་མར་ཐུན་མོང་གི་ཐོབ་ཐང་ཞིག་ཡོད་པ་དེ་ནི་ཀྲུང་ཧྭ་མི་རིགས་ཡིན་ཞིང་། ཚང་མར་ཐུན་མོང་གི་མིང་ཞིག་ཡོད་པ་དེ་ནི་ཀྲུང་གོ་བ་ཡིན། ཚང་མར་ཐུན་མོང་གི་ཕུགས་འདུན་ཞིག་ཡོད་པ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན་ཞེས་གསུངས་གནང་ཡོད།