ཞི་ཅིན་ཕིང་གིས་ཤིན་ཅང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་མཇལ་འཕྲད་གནང་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༩ ཚེས་ ༢༤

ཞི་ཅིན་ཕིང་གིས་ཤིན་ཅང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་མཇལ་འཕྲད་གནང་བ།

ཝང་ཧུའུ་ཉིང་དང་ཚའེ་ཆི་མཇལ་འཕྲད་ལ་ལྷན་དུ་ཞུགས་པ།

སྤྱི་ཚེས་23ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིན་ཅང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་མཇལ་འཕྲད་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཤིན་ཅང་མི་རིགས་ཁག་གི་བུ་ཕྲུག་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་དབུས་ནས་སྨོན་འདུན་ཞུས་གནང་བ་དང་། ཚང་མས་སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་སྔར་བས་མཛེས་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་བྱ་རྒྱུའི་ཐུགས་རེ་གནང་བ་རེད།

ཞི་ཅིན་ཕིང་དང་བཅས་པ་མཇལ་འཕྲད་གནང་ཡུལ་དུ་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཤིང་། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་བྱམས་བརྩེའི་འཚམས་འདྲི་དང་འབྲེལ་ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

ཞི་ཅིན་ཕིང་གིས་ད་དུང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་། ས་ཁུལ་དང་ཀྲོའུ། གྲོང་ཁྱེར་བཅས་ཁག་གི་འགན་འཁུར་བློ་མཐུན་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མི། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན། ཤིན་སྐྱོར་ལས་བྱེད་པའི་འཐུས་མི། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་དང་གཞི་རིམ་ཆོས་ལུགས་ལས་དོན་གྱི་ལས་བྱེད་པའི་འཐུས་མི་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད།

ཉིན་དེའི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆིར་བཅའ་སྡོད་དཔུང་སྡེའི་ཧྲང་ཞའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་གཞི་རིམ་གྱི་སྔོན་ཐོན་དཔེ་བཟང་། ཞི་བའི་ལས་འགན་འཁུར་མཁན་ཁག་གཅིག་བཅས་ལ་བྱམས་བརྩེའི་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ། ཤིན་ཅང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་དང་འབྲེལ་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

ཝང་ཧུའུ་ཉིང་དང་། ཚའེ་ཆི། ལི་ཀན་ཅེ། ཧོ་ལི་ཧྥེང་། ཝང་ཞའོ་ཧུང་། ཞུའེ་ཁེ་ལའེ་ཐི་.ཀྲ་ཁེ་ཨེར།  ཁྲེན་དབྱི་ཆིན། ཝང་ཏུང་ཧྥེང་། ལིའུ་ཀྲེན་ལི། ཤིན་ཅང་དུ་ལས་ཀ་བྱེད་མྱོང་བའི་བློ་མཐུན་རྒན་གྲས་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་འབྲེལ་ཡོད་མཇལ་འཕྲད་ནང་ལྷན་དུ་ཞུགས་ཡོད་པ་རེད།