ཝང་ཞའོ་ཧུའེ་དཀར་མཛེས་ཁུལ་དུ་ཕེབས་ནས་རྟོག་ཞིབ་གནང་།
ཟླ་བ་༩པའི་ཚེས་༡༥ཉིན་ནས་ཚེས་༡༨ཉིན་གྱི་བར། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཞའོ་ཧུའེ་ཡིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་།

ཟླ་བ་དགུ་པའི་དཀར་མཛེས་ལ་ཡང་བསྐྱར་ལོ་ལེགས་བྱུང་། ས་གནས་སོ་སོས་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཅི་འདྲ་ཡིན་པ་དང་། དབུལ་བྲལ་མི་སེར་གྱི་ཐོན་སྐྱེད་དང་འཚོ་བ་ཅི་འདྲ་ཡིན་པ་བཅས་ལ་ཝང་ཞའོ་ཧུའེ་ཡིས་ཐུགས་ཁུར་ཟབ་མོ་གནང་། ལི་ཐང་རྫོང་ཧོ་རྙིང་ནོར་གནག་དེང་རབས་ཞིང་ལས་སྤེལ་ཁུལ་གྱིས་ཚན་རྩལ་གྲུབ་འབྲས་དཔེ་སྟོན་རྒྱ་བསྐྱེད་ཇེ་དྲག་བཏང་ནས། ནོར་གནག་ཚད་གཞི་ཅན་གྱི་རིག་ནུས་གསོ་སྤེལ་དང་མཐོ་སྒང་ཞིང་འབྲོག་ཐོན་རྫས་ལས་སྣོན་ཟབ་མོ་འཕེལ་རྒྱས་ཤུགས་ཆེ་བཏང་། ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་ཀུ་ཤུ་འདེབས་འཛུགས་དང་བོད་ཕག་གསོ་སྤེལ་སྐྱེས་ལྡན་ཞིང་ལས་སྤེལ་ཁུལ་གྱིས་འདེབས་འཛུགས་དང་གསོ་སྤེལ་ཟུང་དུ་འབྲེལ་བའི་སྐྱེ་ཁམས་འཁོར་རེས་རྣམ་པར་བརྟེན་ནས། ཀུ་ཤུ་དང་བོད་ཕག་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་བསྐྲུན།
ཝང་ཞའོ་ཧུའེ་སྤེལ་ཁུལ་འདི་གཉིས་ལ་ཕེབས་ནས། འདེབས་འཛུགས་དང་གསོ་སྤེལ་གོ་རིམ་ལ་ལྟ་ཞིབ་གནང་བ་དང་། ཐོན་རྫས་ལས་སྣོན་དང་ཚོང་ར་ཕྱིར་འཚོང་། ཐོན་ལས་སྐུལ་ཁྲིད་སོགས་གནས་ཚུལ་ལ་བཀའ་འདྲི་ཞིབ་མོ་གནང་། སྤེལ་ཁུལ་གྱི་ཁེ་ལས་ཀྱིས་མུ་མཐུད་དེ་ཚོང་རའི་དགོས་མཁོར་དམིགས་ནས། ཐོན་རྫས་རྩེ་གྲས་དང་ཚོང་རྟགས་གྲགས་པ། ཁེ་ལས་སྟོབས་ལྡན་བཅས་བསྐྲུན་ཏེ། མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་རིགས་སྔར་བས་སྤུས་མཐོའི་འཕེལ་རྒྱས་ཡོང་བར་རམ་འདེགས་དང་། མི་སེར་སྔར་བས་མང་པོ་ཡོང་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱེད་དགོས་ཞེས་སྐུལ་མ་གནང་།
སྡེ་རོང་རྫོང་སྤུན་གསུམ་གྲོང་རྡལ་རི་སྟོད་གྲོང་སྡེ་རུ། ཝང་ཞའོ་ཧུའེ་གྲོང་སྡེའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་ལ་ཕེབས་ནས། རྟེན་གཞིའི་གཞི་ཁྱོན་དང་རྒུན་འབྲུམ་སྐྱེས་ཚུལ་ལ་ལྟ་ཞིབ་གནང་། གྲོང་སྡེ་དེས་ཡུལ་བབ་དང་བསྟུན་ནས་བྱེད་ཐབས་སྤེལ་ཏེ་མཐོ་སྒང་གི་ཁྱད་ལྡན་ཆང་བསྙལ་རྒུན་འབྲུམ་ཐོན་ལས་ལ་རྒྱུས་ལོན་མཛད་པ་དང་། དབུལ་བྲལ་འགག་སྒྲོལ་གྲུབ་འབྲས་ཇེ་བརྟན་དང་། གྲོང་གསེབ་དར་རྒྱས་གཉིས་ནུས་ལྡན་གྱིས་འབྲེལ་མཐུད་བྱུང་བའི་གནས་ཚུལ་ལ་རྒྱུས་ལོན་མཛད། ས་གནས་དེ་གས་མུ་མཐུད་དེ་ཞིང་འབྲེལ་ཞིང་ཁྲིད་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་ཡག་པོ་བྱས་ན། མ་མཐའི་ཚད་གཞི་བརྟན་སྲུང་ཐུབ་པ་དང་ཐོན་ལས་སྐུལ་ཁྲིད་བརྒྱུད་ནུས་ལྡན་གྱིས་དབུལ་བྲལ་མི་སེར་གྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་ནུས་ལྡན་བྱེད་ཐུབ་ཅེས་བཀའ་བཅོལ་གནང་།

དེའི་རྗེས། ཝང་ཞའོ་ཧུའེ་དབུལ་བྲལ་དུད་ཚང་གྲགས་པ་ཚང་དུ་སོང་ནས། ཁྱིམ་མི་དང་མཉམ་དུ་འདུག་ནས་གླེང་མོལ་བྱས། ཁྱིམ་ཚང་ཡོང་འབབ་དང་། སྨན་བཅོས་འགན་སྲུང་། བུ་རྒྱུད་སློབ་གྲྭར་འགྲོ་བ་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་གནང་། ཁོ་ཚོས་མུ་མཐུད་དེ་འབད་པ་བྱས་ནས། ལག་ཟུང་ལ་བརྟེན་ནས་འཚོ་བ་ཇེ་སྐྱིད་དང་ཇེ་སྐྱིད་ཡོང་བ་བྱེད་དགོས་ཞེས་རེ་བ་བཏོན།
འབྲི་ཆུའི་སྟོད་རྒྱུད་དུ་གནས་པའི་འབའ་ཐང་ཆུ་གློག་ས་ཚུགས་སུ། ཝང་ཞའོ་ཧུའེ་ཡིས་གློག་བསྒྱུར་ས་ཚུགས་འཁོར་རྒྱུག་དང་གློག་ཤུགས་བགོ་བཤའ། ཐོན་སྐྱེད་ཉེན་མེད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་། ཁོང་གིས། ནུས་ཁུངས་ནི་ས་གནས་འཕེལ་རྒྱས་ལ་ཧ་ཅང་གལ་ཆེ་བས། གློག་བསྒྱུར་ས་ཚུགས་དང་གློག་འདྲེན་སྒྲིག་ཆས་འཁོར་རྒྱུག་ཇེ་དྲག་གཏོང་བ། ས་གནས་ཀྱི་གློག་ཤུགས་གསོག་འཇོག་བེད་ཡག་པོ་སྤྱོད་པ་བཅས་བྱས་ནས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་དམངས་འཚོ་གློག་སྤྱོད་ལ་འགན་སྲུང་བྱེད་པ་དང་། ནུས་ལྡན་གྱིས་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་མཐོའི་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད།
འབག་མེད་སྐྱེ་ཁམས་ཀྱི་ཁྱད་ཆོས་དང་ཁྱད་ལྡན་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་པ་ནི་སི་ཁྲོན་ཞིང་ཆེན་གྱི་བོད་འབྲེལ་ས་ཁུལ་གྱི་ལས་འགན་གལ་ཆེན་ཞིག་རེད། རྟོག་ཞིབ་ནང་། ཝང་ཞའོ་ཧུའེ་ཉི་སྟེང་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕེབས་ནས་རྩྭ་ཐང་དང་རྩི་ཤིང་དང་། ཆུའི་སྐྱེ་ཁམས་ཁོར་སྲུང་དང་། ཡུལ་སྐོར་ལྗོངས་རྣམ་བསྐྲུན་པ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། དཀར་མཛེས་ཁུལ་གྱིས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་། ཁོངས་ཡོངས་ཡུལ་སྐོར་ཐོན་ལས་མཐོར་འདེགས་རིམ་སྤར་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་རེད། ཁོང་གིས། ཁྱད་དུ་འཕགས་པའི་སྐྱེ་ཁམས་ཁོར་ཡུག་ནི་དཀར་མཛེས་ཀྱི་ཆེས་ཆེ་བའི་རིན་ཐང་དང་འགན་འཁྲིའང་ཡིན་ལ། ཆེས་ཆེ་བའི་འཕེལ་རྒྱས་གཏིང་ཤུགས་ཀྱང་རེད། གནམ་སྔོན་པོ་དང་ཆུ་དྭངས་མ། ས་གཙང་མ་བཅས་སྲུང་སྐྱོང་ཡག་པོ་བྱེད་པའི་རྨང་གཞིའི་ཐོག བློ་གཅིག་སེམས་གཅིག་གིས་ཐོན་རྫས་ལམ་ཐིག་སྐྲུན་པ་དང་། ཞབས་ཞུའི་སྒྲིག་ཆས་འཐུས་ཚང་བཏང་ནས། འཛམ་གླིང་རིམ་པའི་རིག་གནས་ཡུལ་སྐོར་གནས་མཆོག་གསར་པ་སྔར་བས་མང་པོ་གསོ་སྐྱོང་བྱས་ཏེ། རྒྱུན་ཆད་མེད་པར་ཁོངས་ཡོངས་ཡུལ་སྐོར་ཐོན་ལས་ཇེ་ལེགས་ཇེ་རྒྱས་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

ཝང་ཞའོ་ཧུའེ་ད་རུང་ཕྱག་ཕྲེང་རྫོང་གི་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་དང་། འདབ་པ་རྫོང་གི་ཕན་རོགས་གནའ་ཤུལ་དུ་ཕེབས་ནས། དྲན་གསོ་ཁང་ནང་གི་རིག་དངོས་འགྲེམ་སྟོན་ལ་གཟིགས་པ་རེད། དམར་དམག་ཕྱག་ཕྲེང་དུ་ཡོད་དུས་ཀྱི་གསར་བརྗེའི་ལོ་རྒྱུས་དང་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ཕྱག་ཕྲེང་ལམ་དུམ་འཛུགས་སྐྲུན་དང་། ཕན་རོགས་གནའ་ཤུལ་སྔོག་འདོན་གནས་ཚུལ། གནའ་ཤུལ་སྲུང་སྐྱོང་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད།
ཁོང་གིས། དཀར་མཛེས་གསར་བརྗེའི་རིག་གནས་རྨང་མཐུག་ལ་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ད་དུང་འོད་སྟོང་འབར་བའི་ལོ་རྒྱུས་རིག་གནས་དང་མི་རིགས་རིག་གནས་ཡོད། འདི་ཚང་མ་རིན་ཐང་བྲལ་བའི་ནོར་བུ་ཡིན། ངེས་པར་དུ་འཛིན་སྐྱོང་སྤེལ་གསུམ་ཡག་པོ་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྙིང་སྟོབས་ཀྱི་ནང་སྙིང་སྔོག་འདོན་དང་གསར་སྤེལ་བྱས་ཏེ། གསར་གཏོད་རང་བཞིན་གྱི་སྒྱུར་བཀོད་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ཁྲོད་ཀྲུང་ཧྭ་རིག་གནས་ཀྱི་སྙིང་སྟོབས་འཕེལ་རྒྱས་གཏོང་བའི་དུས་མཚུངས་སུ། འདྲེས་སྦྱོར་ཡག་པོ་བྱེད་བཅུག་ནས། རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་འཕེལ་རྒྱས་གཏོང་གང་ཐུབ་དང་། རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལེགས་ཆ་ལ་སྒྱུར་དགོས་ཞེས་གསུངས།
ཐུན་མོང་མ་ཡིན་པའི་ས་གཤིས་དང་ཁོར་ཡུག་གི་ཆ་རྐྱེན་ལ་བརྟེན་ནས། དཀར་མཛེས་ནི་ཚན་རིག་ཞིབ་འཇུག་གི་གནས་མཆོག་ཏུ་གྱུར་ཡོད། འདབ་པ་རྫོང་གི་མཚོ་འཕགས་མཐོ་བའི་འཇིག་རྟེན་ལྟ་ཞིབ་ས་ཚིགས་དང་བར་སྟོང་ཁོར་ཡུག་རྟེན་གཞི་ནི་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་ཆས་གལ་ཆེན་རེད།
ཝང་ཞའོ་ཧུའེ་རིམ་པ་བཞིན་གནས་འདི་གཉིས་ལ་ཡོང་ནས། ལྟ་ཞིབ་ས་ཚིགས་ཀྱི་ཕྱིའི་རྣམ་པ་ཡོངས་དང་རྒྱང་མཐོང་གི་ཡུལ་ལྗོངས་ཡོངས་ལ་རྒྱང་གཟིགས་མཛད་ནས། ཚན་རིག་ཞིབ་འཇུག་སྒྲིག་ཆས་ལ་གཟིགས་སྐོར་དང་ལས་གཞི་འཛུགས་སྐྲུན་དང་ལྟ་ཞིབ་འཁོར་རྒྱུག། ཞིབ་འཇུག་གི་གྲུབ་འབྲས་ཆེས་གསར་པ་བཅས་ལ་དྲི་དཔྱོད་གནང་བ་རེད། ཁོང་གིས་ཚན་རིག་ཞིབ་འཇུག་མི་སྣ་ལ། སི་ཁྲོན་གྱིས་ཏང་ཀྲུང་དབྱང་གི་བསྩལ་བའི་ནུབ་རྒྱུད་ས་ཁུལ་གསར་གཏོད་མཐོ་གནས་བསྐྲུན་པའི་འགན་འཁྲི་ཕྲག་ཏུ་བླངས་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ནས་མཐོ་སྒང་གི་འཇིག་རྟེན་ལྟ་ཞིབ་ས་ཚིགས་དང་སྒོར་དབྱིབས་ཉི་འོད་གློག་པར་རྒྱང་མཐོང་སོགས་འདུས་པའི་ཚན་རྩལ་གལ་ཆེན་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་འཁོར་རྒྱུག་ལ་རྒྱབ་སྐྱོར་བྱས་ཏེ། ཚང་མར་ཚན་རིག་ཞིབ་འཇུག་ལ་ཆ་རྐྱེན་ཡག་པོ་བསྐྲུན་རྒྱུ་ཡིན། ཚང་མས་ནན་ཏན་གྱིས་ཞིབ་འཇུག་བྱས་ནས། རྒྱལ་སྤྱིའི་སྔོན་ཐོན་གྱི་གསར་རྩོམ་རང་བཞིན་གྱི་ཚན་རིག་གྲུབ་འབྲས་མང་པོ་བརྩོན་ལེན་བྱས་ནས། རྒྱལ་ཁབ་ཀྱི་ཆུ་ཚད་མཐོན་པོའི་ཚན་རྩལ་རང་སྟོབས་ཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་དགོས་ཞེས་གསུངས་པ་རེད།

ལི་ཐང་རྫོང་གི་བྱམས་ཆེན་ཆོས་འཁོར་གླིང་དུ། ཝང་ཞའོ་ཧུའེ་ཡིས་དགེ་འདུན་པ་རྣམས་ཀྱི་སྒྲུབ་པ་ཉམས་ལེན་དང་དགོན་པའི་ཁྲིམས་མཐུན་དོ་དམ་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་ནས། དགོན་པས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ཡག་པོ་དར་སྤེལ་བཏང་སྟེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཐུན་མོང་མ་ཡིན་པའི་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས། རྒྱ་ཆེ་བའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་ལ་འབྲངས་ནས། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འཆམ་མཐུན་གང་ལེགས་ཡོང་བའི་ཁྲོད་ནུས་པ་འདོན་དགོས་ཞེས་ཐུགས་རེ་གནང་བ་རེད།
ཝང་ཞའོ་ཧུའེ་ཡིས། སི་ཁྲོན་ཞིང་ཆེན་གྱི་བོད་འབྲེལ་ས་ཁུལ་ཡུན་རིང་བདེ་སྐྱོང་ནི་བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་ཇུས་ཆེན་ལ་འབྲེལ་བ་དམ་པོ་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་རྒྱ་ཆེར་སྤེལ་བ་དང་། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་སྤེལ་རེས་འབྲེལ་འདྲིས་བཅས་ཟབ་སྤེལ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ། ཏང་འཛུགས་ཀྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་སྣེ་ཁྲིད་ནས། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་ལུགས་བཅོས་སྐྱོང་བྱེད་ཐབས་ཀྱིས་ནུས་གོ་ཆོད་པའི་སྒོ་ནས་ཉེན་ཁའི་ནང་རྐྱེན་སེལ་ཏེ། སི་ཁྲོན་ཞིང་ཆེན་གྱི་བོད་འབྲེལ་ས་ཁུལ་གྱི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མུ་མཐུད་མཐོར་འདེགས་གཏོང་དགོས་ཞེས་གསུངས།

རྟོག་ཞིབ་བྱེད་རིང་། ཝང་ཞའོ་ཧུའེ་ཡིས་དཀར་མཛེས་ཁུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་གྲུབ་འབྲས་བླངས་པར་ཁས་ལེན་བྱེད་པ་དང་། དཀར་མཛེས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དང་ཉམས་མྱོང་དོན་འཁྱོལ་ཟབ་སྤེལ་དང་བེད་སྤྱོད་ཡག་པོ་བྱས་ནས། དངོས་གཉེར་བྱ་སྤྱོད་ཀྱིས་མུ་མཐུད་དུ་རིག་གནས་ཡུལ་སྐོར་དང་ནུས་ཁུངས་དག་གཙང་། ཁྱད་ལྡན་ཞིང་འབྲོག་ལས་རིགས་བཅས་ལས་ཀ་ཆེན་པོ་གསུམ་ཡག་པོ་བསྒྲུབས་ནས། མི་རིགས་ཆོས་ལུགས་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོ་ལེགས་བཅོས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ལས་ཀ་གཙོ་བོ་དམ་འཛིན་བྱས་ཏེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་ཆུ་ཚད་མཐོན་པོའི་སྲུང་སྐྱོབ། ཕན་འབྲས་ཆེ་བའི་བཅོས་སྐྱོང་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཞེས་བཀའ་བཅོལ་གནང་།
ཝང་ཞའོ་ཧུའེ་ཡིས། མིག་སྔར་དུས་ཚིགས་བཞི་པར་སླེབས་ལ་ཉེ། ས་གནས་ཁག་དང་སྡེ་ཁག་སོ་སོས་དུས་ཚོད་དམ་འཛིན་བྱས་ནས་ཡིད་ཆེས་ཆེན་པོས་དངོས་སྒྲུབ་བརྩོན་ལེན་དང་། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བརྩོན་ལེན་དང་འཛུགས་སྐྲུན་དམ་འཛིན། ལས་གཞིའི་དངུལ་གཏོང་དང་འཛད་སྤྱོད་ཡར་སྤེལ་སོགས་ལས་ཀ་གཙོ་བོ་དམ་འཛིན་བྱས་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་འགྲུབ་པ་དང་། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་བདེ་བླག་ངང་མཇུག་སྒྲིལ་བར་འགན་སྲུང་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།