མགོ་ལོག་གིས་སྤུས་རྟགས་གསར་པ་ཞིག་ཁྱབ་བསྒྲགས་བྱས་འདུག

ཟླ་9པའི་ཚེས་20ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུད་དང་། ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱེད་པའི་“གནམ་སའི་མགོ་ལོག རྨ་ཡུལ་འབྲོག་སྡེ”ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཁྱབ་བསྒྲགས་གྲོས་ཚོགས་ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་ཁུལ་གསར་ཐང་ཏའོ་637སྐོར་བྲོའི་ཐང་ཆེན་དུ་འཚོགས་ཡོད། ཁྱབ་བསྒྲགས་གྲོས་ཚོགས་སྟེང་སྤུས་རྟགས་ཁྱབ་བསྒྲགས་དང་། ཐོན་ལས་གན་རྒྱ་འཇོག་པ། འབྱུང་ཁམས་འགྲེམ་སྟོན་བཅས་ཀྱི་ནང་དོན་གཙོ་བོ་ཁག་གསུམ་བརྒྱུད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་འབྱུང་ཁམས་དགེ་མཚན་དང་གོང་འཕེལ་སྟོབས་ཤུགས་ངོམ་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་“གནམ་སའི་མགོ་ལོག རྨ་ཡུལ་འབྲོག་སྡེ”ཞེས་པའི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཁྲོད་དུ། ནོར་གནག་དང་བོད་ལུག བོད་ཇ། དབྱར་རྩྭ་དགུན་འབུ་སོགས་ཀྱི་ཁྱད་ལྡན་ཐོན་རྫས་འདུས་ཡོད་ཅིང་། འབྱུང་ཁམས་སྐྱེ་ལྡན་དང་། རྒྱུ་སྤུས་ལེགས་པོ། སྣ་རིགས་མང་བ་བཅས་ཀྱི་ལྟེ་བའི་དགེ་མཚན་འབུར་དུ་ཐོན་པར་བྱས་ནས། ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་མངོན་གསལ་གྱིས་མཐོ་རུ་བཏང་ཡོད།
བྱེད་སྒོའི་ཡུལ་དངོས་སུ་“གནམ་སའི་མགོ་ལོག རྨ་ཡུལ་འབྲོག་སྡེ”ཞེས་པའི་སྤུས་རྟགས་སྤྱོད་དབང་སྤྲད་པའི་ཁེ་ལས་ཀྱི་ཐོན་རྫས་ལ་བྱང་བུ་སྤྲོད་པ་དང་འཐབ་ཇུས་མཉམ་ལས་གན་འཇོག་མཛད་སྒོ་གཉེར་ཡོད། དེས་མགོ་ལོག་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགོ་ཁུངས་འབྲོག་སྡེ་ནས་ཐད་ཀར་འཛད་སྤྱོད་པའི་གསོལ་ཅོག་སྟེང་སླེབས་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཐེངས་འདིའི་བྱེད་སྒོའི་སྟེང་ཧྲང་ཧའེ་ཞིང་ལས་འགྲེམ་སྟོན་ཁེ་ལས་ཤིག་བར་གན་རྒྱ་བཞག་པའི་མགོ་ལོག་རྨ་ཆེན་རྫོང་མར་ལོ་ཟས་རིགས་ཚད་ཡོད་ཀུང་སིའི་སྤྱི་གཉེར་བྷ་ཡོ་ཡིས། ང་ཚོའི་ཀུང་སི་ཡིས་གཙོ་བོ་ཤ་དང་མར། ཞོ། འོ་མ་སོགས་འབྲོག་ཁུལ་གྱི་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་ལས་སྣོན་བྱེད་བཞིན་ཡོད་ཅིང་། མིག་སྔའི་འཚོང་ལམ་གཙོ་བོ་ནི་མཚོ་སྔོན་ཞིང་ཆེན་ནང་ཁུལ་ཡིན། ཐེངས་འདིར་ཧྲང་ཧའེ་ཞིང་ལས་འགྲེམ་སྟོན་ཀུང་སིའི་བར་གན་རྒྱ་བཞག་པས། ང་ཚོའི་སྤུས་ལེགས་ཐོན་རྫས་སྣ་ཚོགས་ཧྲང་ཧའེ་སོགས་རྒྱལ་ནང་གི་གྲོང་ཁྱེར་ཆེ་ཁག་ཏུ་ཕྱིར་འཚོང་བྱ་རྒྱུའི་སྒོ་མོ་ཕྱེ་བས། ང་ལ་སྔར་ལས་ཡིད་ཆེས་ཀྱིས་ཁེངས་བྱུང་ཞེས་བརྗོད།
བྱེད་སྒོའི་ཡུལ་དངོས་སུ་ད་དུང་ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཕྱིར་འཚོང་འགྲེམ་སྟོན་ཁུལ་དང་། ཤུལ་བཞག་རིག་གནས་ཐོན་རྫས་འགྲེམ་སྟོན་ཁུལ། ཁྱད་ལྡན་ཞིམ་ཟས་མྱོང་རོལ་ཁུལ་བཅས་བཀོད་སྒྲིག་བྱས་ནས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་གི་ཞིང་ཕྱུགས་ཐོན་རྫས་དང་རིག་གཏོད་གྲུབ་འབྲས་གཅིག་སྡུད་སྒོས་མི་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཡོད། འགྲེམ་སྟོན་ཁུལ་ཁག་ཏུ་མི་ཚོགས་ཀྱིས་ཁེངས་ཡོད་ལ། ལྷག་པར་དུ་ཞིམ་ཟས་མྱོང་རོལ་ཁུལ་ཏུ་གྲལ་བསྟར་རིང་པོ་སྒྲིག་ནས་རྨ་ཡུལ་མགོ་ལོག་ནས་ཐོན་པའི་ཚགས་ཤ་དང་ལུག་ཤའི་བྲོ་བར་རོལ་མྱོང་བྱེད་བཞིན་མཆིས།
ཉེ་བའི་ལོ་ཤས་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་དཔེ་སྟོན་ཁུལ་”འཛུགས་གཏོད་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་ནས། ཐོན་ལས་ལེགས་སྒྱུར་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། རིམ་རྩིས་བྱས་ན་ཚན་རྩལ་རྣམ་པའི་ཁེ་ལས་4དང་། རྒྱལ་ཁབ་རིམ་པའི་སྣེ་འདྲེན་ཁེ་ལས་1 ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས་4 ཁུལ་རིམ་པའི་སྣེ་འདྲེན་ཁེ་ལས་4བཅས་གསོ་སྤེལ་བྱས་ཤིང་། ཚད་ལྡན་ཅན་གྱི་གསོ་སྤེལ་ལྟེ་གནས་15དང་། འབྱུང་ཁམས་འབྲོག་སྡེ་10 འདེབས་གསོ་ཁུལ་4བཅས་འཛུགས་སྐྲུན་བྱས་པ། གཉེར་སྐྱོང་བྱེད་པོ་སྣ་ཚོགས་526གསོ་སྐྱོང་བྱས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་མཐོའི་གོང་འཕེལ་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།