རྔ་བ་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་སྐབས་གསུམ་པ་མཇུག་སྒྲིལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༩ ཚེས་ ༡༦

སྤྱི་ཟླ་9པའི་ཚེས་14ཉིན། རྔ་བ་ཁུལ་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་སྐབས་གསུམ་པ་མཛོད་དགེ་རྫོང་དུ་བདེ་བླག་ངང་མཇུག་སྒྲིལ། སྐབས་འདིར“ཚན་རྩལ་གྱིས་འཚོ་བ་བསྒྱུར། གསར་གཏོད་ཀྱིས་འབྱུང་འགྱུར་བསྐྲུན”ཞེས་པ་བརྗོད་བྱ་གཙོ་བོར་བཟུང་ནས། ཁུལ་ཡོངས་ཀྱི་རྫོང་(གྲོང)13གྱི་དགེ་སློབ་890ལྷག་གི་ཡིད་ཀྱི་དང་བ་དྲངས། ལང་ཚོའི་ཉམས་འགྱུར་མངོན་བཞིན་གསར་གཏོད་ཀྱི་ཕུགས་འདུན་དོན་ལ་གཉེར།

བྱ་དགའ་སྤྲོད་པའི་མཛད་སྒོར་འཕྲུལ་མིས་འཁྲབ་སྟོན་བྱས་པའི《ཀྲུང་གོའི་གཞོན་ནུ》《བསླབ་ཚན་གསུམ》དང་། སློབ་མའི་ཞབས་བྲོའི《མེ་ཏོག་གི་བསྟོད་གླུ》《བཀྲ་ཤིས》སོགས་ཚན་རྩལ་དང་སྒྱུ་རྩལ་གཅིག་ཏུ་འདྲེས་པའི་ངོ་མཚར་ལྟད་མོ་མང་། དེ་རྗེས་སུ་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཚན་རྩལ་གསར་གཏོད་ཀྱི་བྱ་དགའ་དང་། ཚོགས་པ་ཡག་ཤོས་ཀྱི་བྱ་དགའ། ཚན་རྩལ་འཆར་རིས་བྱ་དགའ། ཚན་རྩལ་མཛུབ་ཁྲིད་པའི་ཆེད་དོན་བྱ་དགའ་སོགས། བྱ་དགའ་ཐོབ་པའི་འཐུས་མི་དང་གཞོན་ནུ་ལོ་ཆུང་གི་ཚན་རྩལ་བྱེད་སྒའོ་ཁྱད་ལྡན་སློབ་གྲྭ། ཕུལ་བྱུང་རྩ་འཛུགས་ཚན་པ་སོགས་ལ་བྱ་དགའ་སྤྲད། ཡུལ་དངོས་སུ་ཐལ་མོ་རྡེབ་སྒྲས་ཁེངས་ཤིང་། དེ་ནི་བྱ་དགའ་ཐོབ་མཁན་ལ་དགའ་སྟོན་རྟེན་འབྲེལ་མཚོན་སྟངས་ཤིག་ཡིན་ལ། རྔ་བ་ཁུལ་གྱི་ཚན་རྩལ་གསར་གཏོད་ཀྱི་འབྱུང་འགྱུར་ལ་བཅངས་པའི་རེ་སྨོན་ཡང་ཡིན།

ཛམ་ཐང་གི་འགྲན་ཞུགས་པ་དབང་ཕྱུག་རྡོ་རྗེ་ཡིས་གསར་འགོད་པར་བཤད་རྒྱུར། ངས་གསལ་སྤེལ་བྱས་པའི་རིག་ནུས་ཕྱུགས་རའི་རིག་ལམ་ནི་ངའི་རྨོ་ལགས་ཀྱིས་ཕྱུགས་འཚོ་བའི་ཉམས་མྱོང་ལས་ཐོན་པ་ཡིན། སྲོལ་རྒྱུན་གྱི་འཚོ་སྟངས་ལྟར་ན་ནོར་གྱི་གྲངས་ཀ་གསལ་པོ་རྩི་མི་ཐུབ་པར་མ་ཟད། གཟན་ཆས་བྱིན་དུས་ང་དང་སྤོ་ལགས་ཀྱིས་གཟན་ཟོ་འཁྱེར་ནས་འགྲོ་དགོས་པས་དཀའ་ལས་ཆེ། རྒྱུ་རྐྱེན་དེ་འདྲ་ཞིག་ལ་བརྟེན་ནས་ངས་རིག་ནུས་ཕྱུགས་ར་འདི་ཞིབ་འཇུག་གསར་སྤེལ་བྱས་པ་ཡིན། གཟན་ཆས་སྟེར་བའི་གནད་དོན་ལ་དམིགས་ནས་ང་ཚོས་སྒྲ་རླབས་ཚོར་འདྲེན་ཆས་སྤྱད་ཡོད། རྒྱུ་མཚན་ནི་དེས་ཟས་རིགས་ཀྱི་བར་ཐག་འཇལ་ཐུབ། གལ་ཏེ་བར་ཐག་རིང་དྲགས་ན། ཟས་རིགས་མེད་པ་མཚོན་པས་མ་ལག་གིས་ཁ་ལོ་འཕྲུལ་ཆས་ལ་ཚོད་འཛིན་བྱས་ནས་ཟས་རིགས་འཇོག་སྲིད། འཐུང་ཆུའི་གནད་དོན་ཐད་ང་ཚོས་ཆུ་གཏིང་ཚོར་འདྲེན་ཆས་སྤྱད་ཡོད། གལ་ཏེ་ཆུ་གནས་དམའ་དྲགས་ན་ཆུ་འཐེན་འཕྲུལ་འཁོར་གྱིས་ཆུ་འཐེན་ཆོག །དེ་མིན་ང་ཚོས་ད་དུང་དྲོད་ཚད་དང་བརླན་ཚད་ཀྱི་ཚོར་འདྲེན་ཆས་བཀོལ་བཞིན་ཡོད། གལ་ཏེ་དྲོད་ཚད་དམའ་དྲགས་པའམ་ཡང་ན་བརླན་ཚད་མཐོ་དྲགས་ན། མ་ལག་གིས་ཁ་ལོ་འཕྲུལ་ཆས་ཚོད་འཛིན་བྱས་ནས་སྤྱིལ་བུ་བཀབ་ནས་དྲོད་སྲུང་དང་ཆར་འགོག་གི་ནུས་པ་ཐོན་སྲིད།

འགྲན་ཞུགས་པ་ཚེ་རིང་ལྷ་མོས་ཉི་ནུས་སྤྱད་པའི་རི་ཁུལ་གྱི་འགྲོ་ལམ་རིག་ནུས་མ་ལག་དཔེ་དབྱིབས་ལ་བརྟེན་ནས་བྱ་དགའ་ཐོབ་པ་དགའ་བོ་བྱུང་ཡོད། ཚན་རྩལ་གསར་གཏོད་བྱ་དགོས་ན་འཚོལ་ཞིབ་ཁྲོད་སློབ་སྦྱོང་དང་ལག་ལེན་ཁྲོད་འཚར་ལོངས་ཡོང་དགོས། ང་ཚོས་འཚོལ་སྙེག་བྱེད་པ་ནི་གྲུབ་འབྲས་ཙམ་མ་ཡིན་པར། རང་ངོས་ཀྱི་འཇོན་ནུས་ལེགས་འདོན་གྱིས་རང་ཉིད་ཀྱི་འབྱུང་འབྱུང་འཚོལ་དགོས་ཞེས་བཤད།

རྒྱུས་ལོན་པ་ལྟར་ན། འགྲན་ཞུགས་པ་རྣམས་ཀྱི་སློབ་ཆུང་དང་སློབ་འབྲིང་གི་ཚོ་ཆུང་ལྟར། PPTདང་དངོས་ཁྲིད་སོགས་ཀྱི་ལམ་ནས་ཉིན་གཅིག་ལ་འགྲན་བསྡུར་བྱས། ཤན་འབྱེད་ཚོ་ཆུང་དང་ཆེད་མཁས་ཚོ་ཆུང་ལ་ཚན་རྩལ་གསར་གཏོད་ཀྱི་རྣམ་གྲངས་དང་ཚན་རྩལ་གསར་གཏོད་ཆུང་ངུ་སོགས་ཀྱི་བརྩམས་ཆོས་ཇུས་འགོད་ཀྱི་སྙིང་དོན་དང་ལག་ལེན་གྱི་རིན་ཐང་གསལ་བཤད་བྱས། ཤན་འབྱེད་ཚོ་ཆུང་དང་ཆེད་མཁས་ཚོ་ཆུང་གིས་གསར་གཏོད་རང་བཞིན་དང་ཚན་རིག་རང་བཞིན་ལ་གཞིགས་ནས་ཕྱོགས་བསྡུས་དཔྱད་དཔོག་བྱས་པ་དང་ཞིབ་དཔྱད་དྲང་བཞག་ཡོང་བར་འགན་ལེན་བྱས།

འགྲན་བསྡུར་དེ་བདེ་བླག་ངང་སྤེལ་བ་བརྒྱུད་རྔ་བ་ཁུལ་གྱི་གཞོན་ནུ་ལོ་ཆུང་ལ་རྩལ་ནུས་མངོན་པའི་སྟེགས་བུ་མཁོ་འདོན་བྱས། ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན། གཞོན་ནུ་ལོ་ཆུང་རྣམས་ལ་ཚན་རིག་སློབ་པ་དང་ཚན་རིག་ལ་དུང་བ། ཚན་རིག་སྤྱོད་པའི་སྤྲོ་སེམས་འཕེལ་དུ་བཅུག་ནས། ཚན་རིག་པའི་འཇོན་ནུས་ལྡན་པའི་གཞོན་ནུ་ལོ་ཆུང་རྣམས་གསོ་སྐྱོང་བྱེད་པར་རྨང་གཞི་བརྟན་པོ་བཏིང་།