སྤྱི་ཟླ་8པའི་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་སྐྱོད་གནས་ཚུལ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༩ ཚེས་ ༡༦

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཟླ་དགུ་པའི་ཚེས་15ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག །སྤྱི་ཟླ་8པར་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་ཡོད།

གཅིག །བཟོ་ལས་ཐོན་སྐྱེད་འཕར་སྣོན་མགྱོགས་ཙམ་བྱུང་ཞིང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་སྣོན་འགྲོ་ཚུལ་ཅུང་ལེགས་པ། 

སྤྱི་ཟླ་8པར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་དེ་དུས་མཚུངས་ལས་5.2%འཕར་ཞིང་། ཟླ་མཚུངས་དང་བསྡུར་ན་0.37%འཕར་ཡོད། རིགས་ཆེན་པོ་གསུམ་ལ་དབྱེ་ནས་བལྟས་ན། གཏེར་འདོན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་དང་བསྡུར་ན་5.1%འཕར་བ་དང་། བཟོ་སྐྲུན་ལས་རིགས་5.7%འཕར་བ། གློག་ཤུགས་དང་ཚ་ནུས། སོལ་རླངས། དེ་བཞིན་ཆུ་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་བཅས་2.4%འཕར་ཡོད། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་དང་བསྡུར་ན་8.1%འཕར་བ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་9.3%འཕར་ཡོད།

གཉིས། ཞབས་ཞུའི་ལས་རིགས་འཕར་སྣོན་མགྱོགས་ཙམ་བྱུང་ཞིང་། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལེགས་པོ་བྱུང་བ།

སྤྱི་ཟླ་8པར། རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་དང་བསྡུར་ན་5.6%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ན། ཆ་འཕྲིན་བརྒྱུད་གཏོང་དང་མཉེན་ཆས། ཆ་འཕྲིན་ལག་རྩལ་བཅས་ཀྱི་ཞབས་ཞུའི་ལས་རིགས་དང་། དངུལ་རྩའི་ལས་རིགས། བོགས་མར་གཏོང་ལེན་དང་ཚོང་དོན་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་12.1%དང་། 9.2% 7.4%བཅས་འཕར་ཡོད། ཟླ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས་5.9%འཕར་ཡོད།

གསུམ། ཁྲོམ་རའི་བྲིན་ཚོང་བརྟན་པོའི་ངང་འཕར་སྣོན་བྱུང་ཞིང་། ཞབས་ཞུ་སིལ་ཚོང་འཕར་སྣོན་ཅུང་མགྱོགས་པ།

སྤྱི་ཟླ་8པར། སྤྱི་ཚོགས་འཛད་རྫས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་39668ཟིན་པ་དེ་དུས་མཚུངས་ལས་3.4%འཕར་བ་དང་། ཟླ་མཚུངས་དང་བསྡུར་ན་0.17%འཕར་ཡོད། གཉེར་སྐྱོང་ཚན་པའི་གནས་ཡུལ་ལ་གཞིགས་ནས་དབྱེ་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་34387ཟིན་པ་དེ་དུས་མཚུངས་ལས་3.2%འཕར་བ་དང་། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་5281ཟིན་པ་དང་4.6%འཕར་ཡོད། འཛད་སྤྱོད་ཀྱི་རིགས་ལ་གཞིགས་ནས་དབྱེ་ན། ཚོང་ཟོག་སིལ་ཚོང་གི་དངུལ་གྲངས་སྒོར་དུང་ཕྱུར་35172ཟིན་པ་དང་3.6%འཕར་བ། བཟའ་བཏུང་གི་ཡོང་སྒོ་སྒོར་དུང་ཕྱུར་4496ཟིན་པ་དང་2.1%འཕར་ཡོད། འཛད་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ཀྱི་ཕན་འབྲས་མུ་མཐུད་མངོན་བཞིན་ཡོད།

བཞི། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་རྒྱུན་མཐུད་ངང་འཕར་སྣོན་བྱུང་བ་དང་། བཟོ་སྐྲུན་ལས་རིགས་ལ་མ་དངུལ་འཇོག་ཚད་འཕར་སྣོན་མགྱོགས་ཙམ་བྱུང་བ། 

སྤྱི་ཟླ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད(ཞིང་དུད་ཚུད་མེད)སྒོར་དུང་ཕྱུར་326111ཟིན་པ་དེ་དུས་མཚུངས་ལས་0.5%འཕར་བ་དང་། ས་ཁང་བདག་ཁོངས་ཀྱི་གསར་སྤེལ་མ་འཇོག་འཐེན་རྗེས། རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་4.2%འཕར་ཡོད། ཁྱབ་ཁོངས་དབྱེ་ནས་བལྟས་ན། རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་ཚད་དུས་མཚུངས་དང་བསྡུར་ན་2.0%འཕར་བ་དང་། བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་5.1%འཕར་བ། ས་ཁང་བདག་ཁོངས་གསར་སྤེལ་ལ་མ་འཇོག་བྱེད་ཚད་12.9%ཆག་ཡོད། ཟླ་8པར། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད(ཞིང་དུད་ཚུད་མེད)དེ་ཟླ་མཚུངས་དང་བསྡུར་ན་0.20%ཆག་ཡོད།

ལྔ། དངོས་ཟོག་ཕྱིར་གཏོང་ནང་འདྲེན་རྒྱུན་མཐུད་ངང་འཕར་སྣོན་བྱུང་ཞིང་། ཉོ་ཚོང་གྲུབ་ཚུལ་མུ་མཐུད་ལེགས་འགྱུར་བྱུང་བ། 

སྤྱི་ཟླ་8པར། དངོས་ཟོག་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་38744ཟིན་པ་དེ་དུས་མཚུངས་ལས་3.5%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་23035ཟིན་པ་དང་4.8%འཕར་བ། ནང་འདྲེན་སྒོར་དུང་ཕྱུར་15709ཟིན་པ་དང་1.7%འཕར་ཡོད།

དྲུག །ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་དུས་ཚིགས་རང་བཞིན་གྱི་འཕར་བ། 

སྤྱི་ཟླ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པའི་ཆ་སྙོམས་ལས་ཀ་ཤོར་ཚད་ནི་5.2%ཡིན། ཟླ་8པར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད5.3%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གནས་0.1འཕར་ནས་ལོ་གོང་མའི་ཟླ་འདི་རང་དང་གཅིག་པ་བྱུང་ཡོད།

བདུན། CPIགཙོ་བོ་མུ་མཐུད་བསྐྱར་འཕར་བྱུང་བ་དང་། བཟོ་ལས་ཐོན་སྐྱེད་པའི་རིན་གོང་ཆག་ཚད་ཆུང་དུ་ཕྱིན་པ། 

སྤྱི་ཟླ་8པར། རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས(CPI)དུས་མཚུངས་ལས་0.4%ཆག་པ་དང་། ཟླ་མཚུངས་དང་གཅིག་པ་བྱུང་ཡོད། རིགས་དབྱེ་ནས་མ་བལྟས་ན། ཟས་རིགས་དང་ཐ་མག ཨ་རག་བཅས་ཀྱི་རིན་གོང་དུས་མཚུངས་དང་བསྡུར་ན་2.5%ཆག་པ་དང་། གྱོན་ཆས་ཀྱི་རིན་གོང་1.8%འཕར་བ། སྡོད་ཁང་གི་རིན་གོང་0.1%འཕར་བ། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིན་གོང་1.8%འཕར་བ། འགྲིམ་འགྲུལ་འཕྲིན་གཏོང་གི་རིན་གོང་2.4%ཆག་པ། སློབ་གསོ་དང་རིག་གནས་རོལ་རྩེད་ཀྱི་རིན་གོང་1.0%འཕར་བ། སྨན་བཅོས་དང་ལུས་ཁམས་བདེ་སྲུང་གི་རིན་གོང་0.9%འཕར་བ། མཁོ་ཆས་གཞན་དག་དང་ཞབས་ཞུའི་རིན་གོང་8.6%འཕར་ཡོད།

སྤྱི་ཟླ་8པར། རྒྱལ་ཡོངས་ཀྱི་བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང་དུས་མཚུངས་དང་བསྡུར་ན་2.9%ཆག་པ་དང་། ཆག་ཚད་དེ་ཟླ་གོང་མ་ལས་བརྒྱ་ཆའི་གནས་0.7ཆུང་དུ་ཕྱིན་ནས་ཟླ་མཚུངས་དང་གཅིག་པ་བྱུང་ཡོད། རྒྱལ་ཡོངས་ཀྱི་བཟོ་ལས་ཐོན་སྐྱེད་པའི་ཉོ་སྒྲུབ་རིན་གོང་དུས་མཚུངས་དང་བསྡུར་ན་4.0%ཆག་པ་དང་། ཆག་ཚད་དེ་བརྒྱ་ཆའི་གནས་0.5ཆུང་དུ་ཕྱིན་ནས་ཟླ་མཚུངས་དང་གཅིག་པ་བྱུང་ཡོད།

སྤྱིའི་ཆ་ནས་བལྟས་ན། ཟླ་8པའི་སྤྱི་ཁོག་སྲིད་ཇུས་ཀྱིས་མཉམ་དུ་ནུས་ཤུགས་བཏོན་པས། རྒྱལ་དམངས་དཔལ་འབྱོར་གྱི་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད་པ་དང་། རྣམ་པ་བརྗེ་སྒྱུར་རིམ་སྤོར་ལ་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་ཐེབས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། འོན་ཀྱང་ཕྱི་རོལ་གྱི་ཁོར་ཡུག་བརྟན་པོ་མེད་པ་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་ཅུང་མང་བས། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ལ་སྔར་བཞིན་ཉེན་ཁ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པའང་མཐོང་ཐུབ་དགོས།