ནགས་ཚལ་རྩྭ་ཐང་ལ་རིམས་བཤེར་བྱས་ནས་སྐྱེ་ཁམས་ཀྱི་སྲུང་ཐིག་བརྟན་པོ་བཙུགས།

ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་སྒོས། ནགས་ཚལ་རྩྭ་ཐང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཐིག་བརྟན་པོ་འཛུགས་ཆེད། ཉིན་ཤས་རིང་། མཛོད་དགེ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་འབྱུང་རྩ་ནས་འགོག་སྲུང་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་ཏེ། ནགས་ཚལ་རྩྭ་ཐང་གི་རིམས་འགོག་བྱ་བ་ཡག་པོ་བསྒྲུབ་ནས། སྦྲེལ་ཐག་ཧྲིལ་པོར་རིམས་འགོག་མ་ལག་བཙུགས་ཏེ་སྐྱེ་ཁམས་འཛུགས་སྐྲུན་ལ་འགན་སྲུང་བྱས།

དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་བཤེར་འདུ་ཤེས་ལེགས་པོ་བསྐྱེད། “ནགས་ཚལ་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་ཀྱི་གནོད་འཚེ་སྔོན་འགོག་དང་སྐྱེ་ཁམས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱ་རྒྱུ”བརྗོད་དོན་དུ་བཟུང་སྟེ། ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་རིམས་བཤེར་གསོ་སྦྱོང་ཐེངས་2སྤེལ་བ་དང་། གྲོང་རྡལ་གྱི་དོ་དམ་སྲུང་སྐྱོང་མི་སྣ་མི་ཐེངས་100ལྷག་ལ་གསོ་སྦྱོང་བྱས། གཙོ་གནད་དུས་སྐབས་དང་འབྲེལ་ནས་གཅིག་བསྡུས་དྲིལ་བསྒྲགས་ལས་སྒོ་ཐེངས་2སྤེལ་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་གནོད་འགོག་གེགས་སེལ་དང་ནགས་ཚལ་གྱི་ནད་འབུ། ཕྱི་ནས་བཙན་འཛུལ་བྱས་པའི་སྐྱེ་དངོས་འགོག་གཅོད། དུག་རྫས་འདེབས་འཛུགས་གཏན་འགོག །གྲོག་མ་དམར་པོ་འགོག་བཅོས་སོགས་ཀྱི་འདུ་ཤེས་སྤྱི་ཡོངས་ལ་བསྒྲགས། བསྡོམས་པས་དྲིལ་བསྒྲགས་དཔྱད་གཞི་དང་བརྡ་སྦྱོར། ལག་དེབ་330འགྲེམས་སྤེལ་བྱས།

ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་རིམས་ནད་ཞིབ་བཤེར་གྱི་བརྒྱུད་རིམ་ནན་སྲུང་བྱས།《རྩི་ཤིང་གི་རིམས་ནད་ཞིབ་བཤེར་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། རིམས་ནད་ཞིབ་བཤེར་ལག་རྩལ་སྒྲིག་སྲོལ་གཞིར་བཟུང་ནས་འགན་འཁྲི་ལེགས་འཁུར་བྱས། ལྗང་མྱུག་འདྲེན་སྐྱེལ་རིམས་ནད་ཞིབ་བཤེར་ལག་ཁྱེར་ཁག་10ལྷག་བསྒྲུབས་པ་དང་། ལྗང་མྱུག་གཉེར་སྐྱོང་མཉམ་ལས་ཁང་8དང་ནགས་འབྲེལ་ཁེ་ལས་7གྱི་ལས་གྲྭར་སོང་ནས། ཐོན་ཁུལ་གྱི་རིམས་ནད་ཞིབ་བཤེར་གྱི་ལྗང་མྱུག་ཁྲི་1350.3ལྷག་ལ་ཞིབ་བཤེར་བྱས། ལྗང་མྱུག་ལ་བསྐྱར་བཤེར་ཐེངས་26བྱས། ཚོད་འཛིན་དང་དོ་དམ་ནན་མོ་བྱས་ནས་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བཙུགས།
ཚན་རིག་དང་མཐུན་པའི་ལྟ་ཞིབ་ཚད་ལེན་བྱས་ནས་འགོག་བཅོས་ཀྱི་ལས་ཕྱོད་ཆེ་རུ་བཏང་། ལོ་རེའི་ལོ་འགོར་ལོ་འཁོར་གྱི་ནགས་ལས་གནོད་ལྡན་སྐྱེ་དངོས་ལ་ལྟ་ཞིབ་ཚད་ལེན་སྔོན་བརྡ་གཏོང་བའི་ལས་དོན་ཇུས་གཞི་ཞིབ་ཚགས་བཟོས་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་རིམ་པའི་ནགས་ལས་གནོད་ལྡན་སྐྱེ་དངོས་ལྟེ་གནས་ཀྱི་ལྟ་ཞིབ་ས་ཚིགས་355བཙུགས། རྩི་ཤིང་སྲུང་སྐྱོབ་ཀྱི་མི་མེད་གནམ་གྲུ་ཐོག་མ་ནང་འདྲེན་བྱས་ཏེ་ནགས་ཚལ་གྱི་ནད་འབུ་འགོག་པའི་སྦྱོང་བརྡར་བྱས། ཞིབ་ཕྲའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་དྲ་རྒྱ་བསྐྲུན། 2025ལོར་ནགས་ལས་གནོད་ལྡན་སྐྱེ་དངོས་གནོད་འཚེ་འབྱུང་ཚད་0.51‰མན་ལ་ཚོད་འཛིན་ཐུབ། སྤྱི་པའི་གནོད་སྐྱོན་མེད་པའི་འགོག་བཅོས་བྱེད་ཚད་85%ཡན་ཟིན། ཚད་འཇལ་དང་སྙན་སེང་ཞུ་བའི་ཡང་དག་ཚད་90%ཡན་ཟིན། སོན་ལྗང་ཐོན་ཡུལ་གྱི་ནད་བཤེར་བྱེད་ཚད་100%ཡི་སྔོན་འགོག་ཚོད་འཛིན་དམིགས་ཚད་མངོན་འགྱུར་བྱུང་།