སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་གནའ་དཔེ་དག་སྒྲིག་པར་སྐྲུན་གྲུབ་འབྲས་འགྲེམས་སྟོན་དང་དཔེ་དེབ་ལེགས་འབུལ་མཛད་སྒོ།

ལོ་ལེགས་གསེར་གྱི་སྙེ་མའི་མགོ་ལྕོག་ལྷུག་གེར་ལྡེམ་ཞིང་། འབྲུ་དྲུག་འབྲས་བུའི་དགའ་སྟོན་ལོངས་སུ་སྤྱོད་པའི་སྟོན་ཟླ་9བའི་ཚེས་6ཉིན་གྱི་སྔ་དྲོར། ཀྲུང་གོའི་གནའ་དཔེ་སྲུང་སྐྱོབ་མཐུན་ཚོགས་གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོབ་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱབ་སྐྱོར་མཛད་ལ། སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་དང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་རིགས་རླུང་འཕྲིན། ཧྲེན་ཀྲེན་དགེ་སྒྲུབ་ཐེབས་རྩ་ཚོགས་པ་༼ཧི་ཞང་དཔེ་དེབ་གླིང་།༽བཅས་ཀྱི་གཙོ་སྒྲུབ་དང་སི་ཁྲོན་མེས་པོའི་གནའ་དཔེ་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གིས་འགན་སྒྲུབ་གནང་བའི་སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་གནའ་དཔེ་དག་སྒྲིག་པར་སྐྲུན་གྲུབ་འབྲས་འགྲེམས་སྟོན་དང་དཔེ་དེབ་ལེགས་འབུལ་གྱི་མཛད་སྒོ་ཁྲེང་ཏུའུ་གྲོང་ཁྱེར་ནས་སྤེལ།

བྱེད་སྒོའི་ཡུལ་དངོས་སུ་མཁན་པོ་འཇམ་དབྱངས་ལགས་དང་ཀླུ་རྡེའུ་རྟ་མགྲིན་སྐྱབས་གཉིས་ཀྱིས་སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་བྱ་བའི་སྙན་ཞུ་དང་མ་འོངས་པའི་འཆར་གཞིའི་སྐོར་ནས་གསུངས་བཤད་གནང་།
མཛད་སྒོའི་ཐོག་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་ཟུར་པ་ནོར་བུ་རྒྱལ་མཚན་ལགས་དང་། སྐུ་ཚེ་གང་བོར་བོད་ཡིག་གཙུག་ལག་རིག་གནས་ཀྱི་བྱ་གཞག་ལ་གཞོལ་བའི་དབུ་ཁྲིད་ཆེན་མོ་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཟུར་པ་ཚེ་པོ། སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་འགོ་འཛིན་གཞོན་པ་ཐན་ཧྥ་ཞང་། ལོ་རྒྱུས་སྨྲ་བ་ཆེན་མོའམ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་འགན་འཛིན་ཟུར་པ་རྒྱལ་མོ་འབྲུག་པ་བཅས་ཀྱིས་བུམ་པ་གང་བྱོའི་ཚུལ་གྱིས་ཆེད་ལས་ཀྱི་ངོས་ནས་གནའ་དཔེའི་རིག་གནས་ཀྱི་རིན་ཐང་དང་། ལོ་རྒྱུས་ཀྱི་རིན་ཐང་སོགས་སྐོར་ནས་གསུངས་བཤད་གནང་།

དཔེ་དེབ་ལེགས་འབུལ་གྱི་མཛད་སྒོའི་ཐོག ཧྲེན་ཀྲེན་དགེ་སྒྲུབ་ཚོགས་པ་དང་མའེ་ཀུང་ཧྥུའུ་ཧི་ཞང་དཔེ་ཁང་གིས་རོགས་སྒྲུབ་བྱས་པ་དང་། སི་ཁྲོན་གནའ་དཔེ་རྩོམ་སྒྲིག་ཁང་གིས་དཀོན་མོའི་རྒྱུ་དང་དཀའ་མོའི་ཚེགས་གང་མང་ཞིག་ཕུད་ནས་བཟོའི་པའི་དཔེ་དེབ་ཁག་རྒྱལ་ཁབ་དཔེ་མཛོད་ཁང་དང་། སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་། སི་ཁྲོན་སློབ་ཆེན་དཔེ་མཛོད་ཁང་། སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་སོགས་སྡེ་ཁག་མང་པོ་ཞིག་ལ་དངོས་སུ་ཞལ་འདེབས་སུ་ཕུལ་ཏེ། རྩ་ཆེའི་རིག་གནས་ཐོན་ཁུངས་མཉམ་སྤྱོད་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས། རིག་གཞུང་ཞིབ་འཇུག་ལ་ཞབས་འདེགས་དང་སྤྱི་ཚོགས་སྤྱི་དམངས་ལ་ཕན་པ་བསྐྲུན།