མཛོད་དགེ་རྫོང་གིས་2025ལོའི་སྒོ་ཕྱུགས་ལེགས་འདེམས་ཀྱི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༩ ཚེས་ ༢

ཟླ་བརྒྱད་པའི་མཛོད་དགེ་རྩྭ་ཐང་གི་ནོར་ལུག་ལ་ཤ་ཤེད་རྒྱས། ཡུལ་ཁ་བཀྲ་ཤིས་ཤིང་གསོན་ཤུགས་འཕེལ། སྤྱི་ཟླ་8པའི་ཚེས་30ཉིན་ནས་ཚེས་31ཉིན་བར། མཛོད་དགེ་རྫོང་གིས་2025ལོའི་སྤུས་ལེགས་ནོར་ལུགས་འདེམས་པའི་བྱེད་སྒོ་སྤེལ་འགོ་ཚུགས།

བྱེད་སྒོ་དེ་སྙན་འཇེབས་ལྡན་པའི་དམངས་གཞས་ལེན་པའི་ངོ་མཚར་ལྟད་མོ་བརྒྱུད་དངོས་སུ་འགོ་བརྩམས་པ་དང་། ཡུལ་དངོས་སུ་འདུ་འཛི་ཡིས་ཁེངས། འགྲན་ཞུགས་པ་རྣམས་ཀྱིས་རང་ཉིད་ཀྱིས་གསོ་སྐྱོང་ཅི་ལེགས་བྱས་པའི་སྒོ་ཕྱུགས་ཁྲིད་ནས་དེར་ཚོགས་ལྟད་མོར་བར་ངོམ་བཞིན་མཛོད་དགེའི་འབྲོག་ཐང་སྨུག་པོའི་འབྲོག་པའི་ཉམས་འགྱུར་ལེགས་པར་མངོན།

འགྲན་བསྡུར་དུ་རྨ་རྒྱུད་རྟ་མཆོག་དང་ནོར་གནག །བོད་ལུག་ལེགས་འགྲན་གྱི་ནང་དོན་མང་པོ་འདུ། བྱེད་སྒོ་དེས་སྲོལ་རྒྱུན་འབྲོག་ལས་རིག་གནས་ཀྱི་དཔྱད་འདེམས་བྱ་ཐབས་དང་དེང་རབས་གསོ་སྤེལ་ཚད་གཞི་ཟུང་འབྲེལ་སྒོས། སྤུས་ལེགས་སྒོ་ཕྱུགས་ཀྱི་གཟུགས་གཞིའི་ཁྱད་ཆོས་དང་ཐོན་སྐྱེད་ནུས་པ་ལེགས་པར་མངོན། རྨ་རྒྱུད་རྟ་མཆོག་གི་གཟུགས་གཞི་དང་གོམ་འགྲོས། ནོར་གནག་གི་གཟུགས་གཞི་དང་སྤུ་མདོག བོད་ལུགས་ཀྱི་གཟུགས་གཞི་བཅས་ལ་ཕྱོགས་བསྡུས་དཔྱད་འདེམས་བྱས་པ་བརྒྱུད། ས་གནས་ཀྱི་སྤུས་ལེགས་སྒོ་ཕྱུགས་སྲུང་སྐྱོང་དང་གསོ་སྤེལ། ཐོན་ལས་འཕེལ་རྒྱས་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་།

རྒྱུས་ལོན་པ་ལྟར་ན། བྱེད་སྒོར་དེར་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་བཀོད་སྒྲིག་བྱས་ཡོད། དེ་མིན་གྱི་མཛོད་དགེ་རྩྭ་ཐང་སྐྱ་འོད་གཟན་ཆས་ཚད་ཡོད་ཀུན་སིས་ཞལ་འདེབས་གནང་བའི་གཟན་ཆས་ཁུག་མ་78བྱ་དགའ་བྱས་ནས་བྱིན།