ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་གནང་བ།
སྤྱི་ཟླ་9ཚེས་1ཉིན་གྱི་ཕྱི་དྲོ། “ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས+”གྲོས་ཚོགས་ཐེན་ཅིན་མེ་ཅང་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད།
གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་བཏོན་གནང་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་ནང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་གནང་བ་སྟེ།
དང་པོ། བདག་དབང་འདྲ་མཉམ་ལག་ལེན་བསྟར་དགོས། རྒྱལ་ཁབ་ཆེ་ཆུང་དང་། སྟོབས་ཆེ་ཆུང་། དབུལ་ཕྱུག་བཅས་གང་ཡིན་རུང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་འདྲ་མཉམ་ངང་ཞུགས་པ་དང་། འདྲ་མཉམ་ངང་ཇུས་འགོད། འདྲ་མཉམ་ངང་ཕན་པ་ཐོབ་པ་བཅས་རྒྱུན་འཁྱོངས་བྱེད་དགོས། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས་པ་དང་།
གཉིས་པ། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྩི་སྲུང་ཞུ་དགོས། མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་སོགས་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་ཕྱོགས་ཡོངས་དང་། གང་ལེགས། ཆ་ཚང་བ་བཅས་ཀྱི་སྒོ་ནས་བརྩི་སྲུང་ཞུ་བ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་འདྲ་མཉམ་དང་གཅིག་གྱུར་ངང་བེད་སྤྱོད་བྱ་རྒྱུར་འགན་ལེན་བྱས་ཏེ། “ཚད་གཞི་གཉིས”མི་འཛིན་པ་དང་། རྒྱལ་ཁབ་ཉུང་ཤས་ཀྱི“སྒྲིག་སྲོལ”དེ་རྒྱལ་ཁབ་གཞན་ལ་བཙན་འགེལ་བྱེད་མི་རུང་།
གསུམ་པ། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་དགོས། མཉམ་གྲོས་དང་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་རྐྱང་པའི་རིང་ལུགས་ལ་ངོ་རྒོལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་གནས་དང་དབང་གྲགས་བརྟན་སྲུང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་འདོན་སྤེལ་ཏན་ཏིག་བྱེད་དགོས།
བཞི་པ། མི་རྩ་བར་འཛིན་རྒྱུ་དར་སྤེལ་གཏོང་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཁག་གི་མི་དམངས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་མཉམ་དུ་ཞུགས་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུར་འགན་ལེན་བྱེད་པ་དང་། མིའི་རིགས་སྤྱི་ཚོགས་ལ་འཕྲད་པའི་ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་དེ་བས་ལེགས་པ་གཅོག་པ། ལྷོ་བྱང་གོང་འཕེལ་གྱི་ཧེ་བག་དེ་བས་ལེགས་པར་སེལ་བ། འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་དེ་བས་ལེགས་པ་བཅས་བྱེད་དགོས།
ལྔ་པ། བྱ་སྤྱོད་ཀྱི་སྟོན་ཕྱོགས་ལ་མཐོང་ཆེན་བྱེད་དགོས། མ་ལག་ལྡན་པའི་འཆར་འགོད་དང་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། གོ་ལ་ཧྲིལ་པོའི་བྱ་སྤྱོད་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པ་དང་། ཕྱོགས་ཁག་གི་ཐོན་ཁུངས་སྐུལ་སློང་གང་ལེགས་བྱས་ཏེ། མཐོང་ཐུབ་པའི་གྲུབ་འབྲས་དེ་བས་མང་བ་གཏོད་པ་དང་། དངོས་སྒྲུབ་མཉམ་ལས་ལ་བརྟེན་ནས་བཅོས་སྐྱོང་རྗེས་ལུས་དང་ཆ་ལག་མི་ཚང་བར་འགྱུར་རྒྱུར་བཀག་འགོག་བྱེད་དགོས་པ་བཅས་ཡིན།