བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས། ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ཞུགས་གནང་།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།
ཀྲུང་གུང་ཀྲུང་དབྱང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་གློག་འཕྲིན་བཏང་ནས་བཀྲ་ཤིས་བདེ་ལེགས་ཞུས།
ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ཞུགས་གནང་།
ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་། ཚའེ་ཆི་ཚོགས་འདུར་ཞུགས་པ་རེད།
ལོ་ངོ་དྲུག་ཅུའི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་ཤིང་། ལོ་ངོ་དྲུག་ཅུའི་རིང་ལ་གངས་ལྗོངས་ལ་འཕོ་འགྱུར་ཆེན་པོ་བྱུང་། ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར་བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་གཉིས་ཙམ་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་དྲུག་ཅུ་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་དུ་ཕེབས་ཞུགས་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཚོགས་འདུར་ཞུགས་པ་རེད།

གནའ་གྲོང་ལྷ་སར་དར་ཚོན་སྣ་ལྔའི་དར་ཆ་རླུང་གིས་སྐྱོད་བཞིན་གང་སར་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། གཟི་བརྗིད་ལྡན་པའི་ཕོ་བྲང་པོ་ཏ་ལའི་གཤམ་དུ་བོད་ལུགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་སྟེགས་བུ་བསྐྲུན་ཡོད། ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་ཚོགས་འདུའི་འཕྲེད་འགེལ་སྦྱར་ཡིག་གསལ་ལམ་མེར་ཡོད། རྒྱབ་ལྗོངས་ཀྱི་གྱང་ངོས་སུ་ཚོགས་ཆེན་གྱི་ཚོགས་རྟགས་དང༡༩༦༥དང་༢༠༢༥་ཞེས་པའི་ཡི་གེ་བཀལ་ཡོད་པ་དང་། དར་དམར་བཅུ་ཕྱོགས་གཉིས་སུ་བཙུགས་ཡོད། ཀྲུའུ་ཞིའི་སྟེགས་བུའི་ཁ་གཏད་ཀྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དུས་ཆེན་གྱི་གྱོན་ཆས་གྱོན་པའི་མི་རིགས་ཁག་གི་མང་ཚོགས་ཕྱོགས་བཞི་ནས་དེ་གར་འཛོམས་ཏེ་ལག་ཏུ་དར་དམར་གཡུག་ནས་སྤྲོ་སྣང་གི་རྒྱ་མཚོ་ཞིག་ཏུ་གྱུར་འདུག
སྔ་དྲོའི་ཆུ་ཚོད་བཅུ་པར་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཀྲུའུ་ཞིའི་སྟེགས་བུའི་ཐོག་ཏུ་ཕེབས་པའི་སྐབས་སུ། ཚོགས་ཆེན་ཡོངས་ནས་དུས་ཡུན་རིང་པོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་པ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཚོགས་ཆེན་འགོ་ཚུགས་པ་ཁྱབ་བསྒྲགས་གནང་། ཚོགས་ཞུགས་མི་སྣ་ཡོངས་ཡར་ལངས་ནས་རྒྱལ་གླུ་མཐོན་པོར་བླངས་པ་དང་སྐར་ལྔའི་དར་དམར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དལ་མོར་བསྒྲེངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ། ཀྲང་གོ་ཆིང་གིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུས་པའི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས།
ཝང་ཧུའུ་ཉིང་གིས་བོད་རང་སྐྱོང་ལྗོངས་ལ་ཞི་ཅིན་ཕིང་གིས་ཕྱག་བྲིས་གནང་བའི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱས་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་བྱ་གཞག་གསར་པ་གཏོད་ཅེས་པའི་རྟེན་འབྲེལ་སྒོ་བྱང་གནང་བ་རེད།
ཝང་ཧུའུ་ཉིང་གིས་གསུང་བཤད་གནང་ལ། ཁོང་གིས་༡༩༦༥ལོའི་ཟླ་དགུ་པར་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ཁྱབ་བསྒྲགས་བྱས་པ་རེད། དེ་ནི་བོད་ལྗོངས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་དུས་རབས་དབྱེ་བའི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་ཞིང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་བསྒྱུར་གྱི་རླབས་ཆེན་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། བོད་ལྗོངས་ཀྱི་སྤྱི་ཚོགས་ལམ་ལུགས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། ལོ་དྲུག་ཅུའི་རིང་ལ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བ་དང་། མི་རིགས་མཐུན་སྒྲིལ་ཉིན་རེ་བཞིན་སྲ་བརྟན་དུ་ཕྱིན་པ། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ཡར་རྒྱས་ཕྱིན་པ་བཅས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་སྟོབས་ཤུགས་བརྟན་པོ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་མངོན་གསལ་དོད་པོ་མངོན་ཡོད་ཅེས་གསུངས།
ཝང་ཧུའུ་ཉིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཕྱོགས་ཡོངས་ནས་ཤུགས་བརྒྱབ་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་གཏན་འཁེལ་གནང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྱོན་ཡོངས་ནས་འགོ་བཙུགས་ཏེ། བོད་ལྗོངས་ཡུན་རིང་བདེ་སྐྱིད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུར་གོ་རིམ་ལྡན་པའི་འཆར་འགོད་གནང་བས། བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་དབུལ་སྐྱོར་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལོ་རྒྱུས་རང་བཞིན་གྱི་ལེགས་སུ་ཕྱིན་པ། བོད་ལྗོངས་འཕེལ་རྒྱས་ཡག་ཤོས་དང་འགྱུར་ལྡོག་ཆེ་ཤོས། མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་ཀྱི་ལོ་རྒྱུས་དུས་སྐབས་ཤར་བས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྱོང་ལ་སྐྱེས་སྟོབས་ཆེན་པོ་མངོན་ཡོད་ཅེས་གསུངས།
ཝང་ཧུའུ་ཉིང་གིས། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་ནས་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག ཡིད་ཆེས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་མངོན་འགྱུར་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དང་དོན་འཁྱོལ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་འཛུགས་པའི་གཙོ་གནད་དམ་འཛིན། བརྟན་བརླིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་དོན་ཆེན་བཞི་དམ་འཛིན། མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་པ་ལྷོད་མེད་བྱ་དགོས་ཞེས་གསུངས།
བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་བོད་རིགས་མང་ཚོགས་ཀྱི་འཐུས་མི་སྒྲོལ་མ་རིག་འཛིན་གྱིས་ཚོགས་འདུའི་ཐོག་ཏུ་གཏམ་བཤད་པ་རེད།
དེའི་རྗེས་སུ། བཀྲ་ཤིས་བདེ་སྐྱིད་ཀྱི་རྣམ་པས་ཁེངས་པའི་མང་ཚོགས་ཀྱི་ཁྲོམ་སྐོར་གཟབ་རྒྱས་གནང་བ་རེད། ཁྲོམ་སྐོར་དེ་དར་ཆའི་སྣེ་ཁྲིད་དང་དོན་ཆེན་བཞི། དུས་རབས་གསར་པར་མདུན་སྐྱོད། མ་འོངས་ཕྱོགས་སུ་སྐྱོད་པ་ཞེས་པའི་ཚན་པ་བཞི་ལ་དབྱེ་ཡོད་པ་དང་། མང་ཚོགས་ཀྱི་ཁྲོམ་སྐོར་རུ་ཁག་དང་ཚོན་འཁོར་ཉེར་དྲུག་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་དུ་རིམ་པ་བཞིན་མདུན་དུ་སྐྱོད་ཅིང་། མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་གྱོན་ཆས་གྱོན་པ་དང་། སྤྲོ་སེམས་འཁོལ་བའི་ཞབས་བྲོ་འཁྲབ་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་དགའ་སྤྲོ་དང་། ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཞུ་བའི་བརྩེ་སེམས་མཚོན་པ་རེད། ཞི་ཅིན་ཕིང་སོགས་ཀྱིས་ལས་རིགས་ཁག་གི་མང་ཚོགས་ལ་ཕྱག་གཡུག་གནང་ནས་གུས་འདུད་ཞུས་པ་རེད།
༼མེས་རྒྱལ་ལ་བསྟོད་གླུ་ལེན་༽ཞེས་པའི་སྤྲོ་སྣང་ཆེ་བའི་དབྱངས་རྟའི་ཁྲོད་དུ་ཞི་བདེའི་ཕུག་རོན་གྱིས་གཤོག་ཟུང་བརྐྱངས་ནས་མཁའ་ལ་འཕུར་བ་དང་། ཚོན་མདོག་ལྡན་པའི་དབུགས་ལྒང་མཁའ་དབྱིངས་སུ་སྤུར་བས། ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་པ་དང་དགའ་སྤྲོའི་འབོད་སྒྲ་གྲགས་པས། ཚོགས་ཆེན་ཕུན་སུམ་ཚོགས་པའི་ངང་མཇུག་བསྒྲིལ་བ་རེད།
ལི་ཀན་ཅེ་དང་ཧོ་ལི་ཧྥེང་། ཝང་ཞའོ་ཧུང་། བློ་བཟང་རྒྱལ་མཚན། ཧུའུ་ཁྲུན་ཧྭ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཀྲང་ཧྲེང་རྨིན། བོད་ལྗོངས་སུ་ཕྱག་ལས་གནང་མྱོང་བའི་བློ་མཐུན་རྒན་གྲས་དང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས། བོད་རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགན་འཁུར་བློ་མཐུན་སོགས་ཚོགས་ཆེན་དུ་ཞུགས་པ་རེད།