ཞི་ཅིན་ཕིང་གི་གསུང་རྩོམ་འདིའི་པོད་དང་པོ་དང་གཉིས་པ་པར་འགྲེམས་བྱས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༨ ཚེས་ ༡༩

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་སྐོར་གླེང་བ》ཡི་པོད་དང་པོ་དང་གཉིས་པ་ཉེ་དུས་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཤིང་། རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

ཆེད་དོན་གསུང་རྩོམ་ཕྱོགས་བསྡུས་དེའི་ནང་དོན་ནི་དུས་ཚོད་ཀྱི་གོ་རིམ་ལྟར་སྒྲིག་ཡོད་ཅིང་། 2018ལོའི་ཟླ་12པར་དཔེ་སྐྲུན་བྱས་པའི《ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་སྐོར་གླེང་བ》ནི་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་དཔེ་སྐྲུན་བསྐྱར་མ་བྱས་ནས《ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་སྐོར་གླེང་བ》ཡི་པོད་དང་པོར་མིང་བསྒྱུར་བ་དང་། དེའི་ནང་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་12ནས་2018ལོའི་ཟླ་12པའི་བར་གྱི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གྱི་རྩོམ་ཡིག་གལ་ཆེན་73བསྡུས་ཡོད། པོད་གཉིས་པའི་ནང་བློ་མཐུན་ཞི་ཅིན་ཕིང་གི་2019ལོའི་ཟླ་1ནས་2025ལོའི་ཟླ་4པའི་བར་གྱི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གྱི་རྩོམ་ཡིག་གལ་ཆེན་92བསྡུས་ཡོད་པ་དང་། དེའི་ནང་གི་རྩོམ་ཡིག་ཁག་ཅིག་ནི་ཡོངས་བསྒྲགས་ངང་སྤེལ་ཐེངས་ཐོག་མ་ཡིན་པ་རེད།

བསྒྱུར་བཅོས་སྒོ་དབྱེ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེགས་པའི་མཆོག་ནོར་རྩ་ཆེན་ཞིག་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དུས་རབས་གསར་པར་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། མ་ལག་ཧྲིལ་པོའི་ཇུས་བཀོད་ཀྱིས་བསྒྱུར་བཅོས་ཀྱི་རྒྱང་ལམ་གསར་པར་སྐུལ་འདེད་གཏོང་རྒྱུའི་འགོ་བརྩམས་པ་དང་། རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་རྐྱང་ཞིག་བཏོད་པས། དེར་དུས་རབས་བརྒལ་བའི་དོན་སྙིང་ལྡན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མ་ལག་གི་ཇུས་བཀོད་བྱས་པ་དང་། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་གཏོང་བ་དེ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ལ་དབུ་ཁྲིད་དང་།  བཀོད་སྒྲིག  སྐུལ་འདེད་བཅས་བཏང་གནང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་གནང་བ། བསྒྱུར་བཅོས་ཀྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་གནང་བ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། ཐབས་ཤེས་བཅས་བཀོལ་སྤྱོད་གནང་བ། གསར་གཏོད་རང་བཞིན་ལྡན་པའི་ངང་དགོངས་པ་གསར་པ་དང་། གཟིགས་ཚུལ་གསར་པ། ཆོད་སྡོམ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ། དུས་རབས་གསར་པར་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་དགོས་དོན་དང་། གང་འདྲ་བྱས་ཏེ་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་ཁ་གསལ་བཏབ་གནང་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེས་ཕུན་སུམ་ཚོགས་ཤོས་དང་། ཆེས་གསོན་ཉམས་དོད་ཤོས། ཆེས་གསར་གཏོད་ཀྱིས་ཕྱུག་པ་བཅས་ཀྱི་ཆ་ཤས་གྲུབ་ཡོད་ཅིང་། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཁྱོན་ཡོངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།